ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། (2018ལོའི་དག་བཅོས་བྱས། )
བཅའ་ཁྲིམས་འདིའི་འཕོ་འགྱུར་ལོ་རྒྱུས།
༡. ནུས་ཁུངས་གྲོན་ཆུང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས། (1997ལོའི་ཟླ་11ཚེས་1ཉིན་ཁྱབ་བསྒྲགས་བྱས། 1998ལོའི་ཟླ་1ཚེས་1ཉིན་ལག་བསྟར་བྱས།)
༢. ཁྲིམས་སྲོལ་དེ་《བཅའ་ཁྲིམས་ཁག་ཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》(2007ལོའི་ཟླ་10ཚེས་28ཉིན་ཁྱབ་བསྒྲགས་བྱས་པ་དང་2008ལོའི་ཟླ་4ཚེས་1ཉིན་ལག་བསྟར་བྱས་) གྱིས་དག་བཅོས་བྱས།
༣. ཁྲིམས་སྲོལ་དེ་《<ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་>སོགས་བཅའ་ཁྲིམས་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》(2016ལོའི་ཟླ་7ཚེས་2ཉིན་ཁྱབ་བསྒྲགས་བྱས་པ་དང་2016ལོའི་ཟླ་7ཚེས་2ཉིན་ལག་བསྟར་བྱས་པ)གྱིས་དག་བཅོས་བྱས།
༤. ཁྲིམས་སྲོལ་དེ《〈 རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་〉སོགས་བཅའ་ཁྲིམས་བཅོ་ལྔ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》(2018ལོའི་ཟླ་10ཚེས་26ཉིན་ཁྱབ་བསྒྲགས་བྱས་པ་དང་2018ལོའི་ཟླ་10ཚེས་26ཉིན་ལག་བསྟར་བྱས་པ) གྱིས་དག་བཅོས་བྱས།
དཀར་ཆག
ལེའུ་དང་པོ། སྤྱིའི་དོན་ཚན།
ལེའུ་གཉིས་པ། ནུས་ཁུངས་གྲོན་ཆུང་བྱ་བར་དོ་དམ་བྱེད་ཕྱོགས་ཀྱི་སྐོར།
ལེའུ་གསུམ་པ། ནུས་ཁུངས་བེད་སྤྱོད་ལུགས་མཐུན་དང་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ས་བཅད་དང་པོ། གཏན་འབེབས་སྤྱིར་བཏང་བ།
ས་བཅད་གཉིས་པ། བཟོ་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ས་བཅད་གསུམ་པ། ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ས་བཅད་བཞི་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ས་བཅད་ལྔ་པ། སྤྱི་པའི་ལས་ཁུངས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ས་བཅད་དྲུག་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ལེའུ་བཞི་པ། ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་ཡར་ཐོན་ཡོང་བ་བྱེད་ཕྱོགས་ཀྱི་སྐོར།
ལེའུ་ལྔ་པ། སྐུལ་མ་གཏོང་ཐབས་ཀྱི་སྐོར།
ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
ལེའུ་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ། སྤྱི་ཚོགས་ཡོངས་ཀྱིས་ནུས་པའི་འབྱུང་ཁུངས་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ནུས་པའི་འབྱུང་ཁུངས་བེད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་བཅའ་ཁྲིམས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བཅའ་ཁྲིམས་འདིར་ནུས་པའི་འབྱུང་ཁུངས་ཞེས་པ་ནི་རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས། སྐྱེ་དངོས་ཀྱི་གཤིས་ནུས། གློག་ཤུགས། ཚ་ཤུགས་བཅས་དང་དེ་བཞིན་ཐད་ཀར་རམ་ལས་སྣོན་དང་བརྗེ་བསྒྱུར་བྱས་པར་བརྟེན་ནས་ཐོབ་པའི་སྤྱོད་ནུས་ལྡན་པའི་ཐོན་ཁུངས་སྣ་ཚོགས་ལ་ཟེར།
དོན་ཚན་གསུམ་པ། བཅའ་ཁྲིམས་འདིར་ནུས་པའི་འབྱུང་ཁུངས་གྲོན་ཆུང་བྱ་རྒྱུ་(གཤམ་དུ་བསྡུས་མིང་ལ་ནུས་ཁུངས་གྲོན་ཆུང་བྱ་རྒྱུ་ཞེས་འབོད་རྒྱུ ) ཞེས་པ་ནི་ནུས་ཁུངས་སྤྱོད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་ཐད་སྤྱོད་གོ་ཆོད་པ་དང་དཔལ་འབྱོར་ཐད་ལུགས་མཐུན་ཡིན་པ། དེ་བཞིན་ཁོར་ཡུག་དང་སྤྱི་ཚོགས་ཀྱིས་ཐེག་ཐུབ་པའི་བྱེད་ཐབས་སྤྱོད་ནས། ནུས་ཁུངས་ཐོན་སྐྱེད་ནས་འཛད་སྤྱོད་བར་གྱི་་གོ་རིམ་སོ་སོ། ཟད་གྲོན་ཆུང་དུ་གཏོང་བ་དང་། གྱོང་གུན་དང་སྦགས་བཙོག་དངོས་རིགས་ཉུང་དུ་གཏོང་བ། ཆུད་ཟོས་བཀག་འགོག་བྱེད་པ་དང་། ནུས་པའི་འབྱུང་ཁུངས་ཕན་ནུས་ལྡན་ཞིང་ལུགས་མཐུན་གྱི་སྒོ་ནས་བེད་སྤྱོད་བྱ་དགོས།
དོན་ཚན་བཞི་པ། ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཡིན། རྒྱལ་ཁབ་ཀྱིས་གྲོན་ཆུང་དང་གསར་སྤེལ་མཉམ་སྤེལ་དང་། གྲོན་ཆུང་བྱ་རྒྱུ་ཨང་དང་པོར་འཇོག་པའི་ནུས་ཁུངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ།
དོན་ཚན་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་ཁུངས་གྲོན་ཆུང་གི་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞིའི་ནང་འཇོག་དགོས་པ་མ་ཟད། ནུས་ཁུངས་གྲོན་ཆུང་བྱ་རྒྱུའི་དུས་ཡུན་འབྲིང་རིང་གི་ཆེད་དོན་འཆར་འགོད་དང་ལོ་འཁོར་གྱི་ནུས་ཁུངས་གྲོན་ཆུང་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ལོ་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ནུས་ཁུངས་གྲོན་ཆུང་བྱེད་པའི་ལས་དོན་སྙན་སེང་ཞུ་དགོས།
དོན་ཚན་དྲུག་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་ནུས་ཁུངས་གྲོན་ཆུང་གི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་ལག་བསྟར་བྱས་ཏེ། ནུས་ཁུངས་གྲོན་ཆུང་གི་དམིགས་འབེན་ལེགས་འགྲུབ་བྱུང་ཚུལ་དེ་ས་གནས་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་པར་དཔྱད་ཞིབ་གདེང་འཇོག་བྱ་རྒྱུའི་ནང་དོན་དུ་བརྩི་རྒྱུ།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལོ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ནུས་ཁུངས་གྲོན་ཆུང་གི་དམིགས་འབེན་འགན་འཁྲི་བསྒྲུབས་ཚུལ་སྙན་སེང་ཞུ་དགོས།
དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཕན་པའི་ཐོན་ལས་སྲིད་ཇུས་ལག་བསྟར་བྱས་པ། ནུས་ཁུངས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ལས་རིགས་འཕེལ་རྒྱས་གཏོང་བར་ཚོད་འཛིན་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ནུས་ཁུངས་གྲོན་ཆུང་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས། ཐོན་ལས་གྲུབ་ཚུལ་དང་། ཁེ་ལས་ཀྱི་གྲུབ་ཚུལ། ཐོན་རྫས་ཀྱི་གྲུབ་ཚུལ། ནུས་ཁུངས་འཛད་སྤྱོད་ཀྱི་གྲུབ་ཚུལ་བཅས་ལ་ལེགས་སྒྲིག་ལུགས་མཐུན་བྱས་ནས། ཁེ་ལས་ཀྱིས་རྩིས་གཞི་རེའི་ཐོན་རྫས་རིན་ཐང་གི་ནུས་ཁུངས་ཟད་གྲོན་དང་རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། རྗེས་ལུས་ཀྱི་ཐོན་སྐྱེད་ནུས་ཤུགས་འདོར་དགོས། ནུས་པའི་འབྱུང་ཁུངས་ཀྱི་གསར་འབྱེད་དང་། ལས་སྣོན། བརྗེ་སྒྱུར། སྐྱེལ་འདྲེན། གསོག་ཉར། མཁོ་སྤྲོད་བཅས་བྱེད་སྟངས་ལེགས་བཅོས་བྱས་ནས་ནུས་པའི་འབྱུང་ཁུངས་བེད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་དགོས།
ནུས་ཁུངས་གསར་པ་དང་བསྐྱར་སྐྱེ་ནུས་ཁུངས་གསར་འབྱེད་དང་བེད་སྤྱོད་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པའི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། དཔེ་སྟོན། ཁྱབ་གདལ་བཅས་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ། ནུས་ཁུངས་གྲོན་ཆུང་གྱི་ལག་རྩལ་གསར་གཏོད་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པར་དྲིལ་བསྒྲགས་དང་སློབ་གསོ་སྤེལ་པ། ནུས་ཁུངས་གྲོན་ཆུང་གི་ཤེས་བྱ་དེ་རྒྱལ་དམངས་སློབ་གསོ་དང་གསོ་སྦྱོང་གི་མ་ལག་ནང་འཇུག་པ་དང་། ནུས་ཁུངས་གྲོན་ཆུང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། དམངས་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་བཏང་ནས་གྲོན་ཆུང་ཅན་གྱི་འཛད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་དགོས།
དོན་ཚན་དགུ་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མས་བཅའ་ཁྲིམས་ལྟར་ནུས་ཁུངས་གྲོན་ཆུང་བྱེད་པའི་འོས་འགན་བསྒྲུབ་དགོས་པ་དང་། ནུས་པའི་འབྱུང་ཁུངས་འཕྲོ་བརླག་གཏོང་བའི་སྤྱོད་ངན་ཐེར་འདོན་བྱེད་དབང་ཡོད།
གསར་འགྱུར་སྨྱན་སྦྱོར་གྱིས་ནུས་ཁུངས་གྲོན་ཆུང་གི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་བྱས་པ་དང་། གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱ་དགོས།
དོན་ཚན་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནུས་ཁུངས་གྲོན་ཆུང་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གི་མཛུབ་སྟོན་དང་ལེན་ཡང་བྱ་རྒྱུ།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་སོ་སོའི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནུས་ཁུངས་གྲོན་ཆུང་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནུས་ཁུངས་གྲོན་ཆུང་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར། རིམ་པ་གཅིག་མཚུངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གི་མཛུབ་སྟོན་དང་ལེན་བྱ་དགོས།
ལེའུ་གཉིས་པ། ནུས་ཁུངས་གྲོན་ཆུང་བྱ་བར་དོ་དམ་བྱེད་ཕྱོགས་ཀྱི་སྐོར།
དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་ཁུངས་གྲོན་ཆུང་བྱེད་པའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནུས་ཁུངས་གྲོན་ཆུང་ལས་དོན་བཀོད་སྒྲིག་དང་། མཐུན་སྦྱོར། ལྟ་སྐུལ། ཞིབ་བཤེར། སྐུལ་འདེད་བཅས་བྱ་དགོས།
དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་། ནུས་ཁུངས་གྲོན་ཆུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ། ནུས་ཁུངས་གྲོན་ཆུང་གི་ཚད་གཞི་བཅས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འགལ་གྱི་ནུས་སྤྱོད་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས།
ནུས་ཁུངས་གྲོན་ཆུང་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་སྐབས་ལྟ་སྐུལ་དང་དོ་དམ་བྱ་ཡུལ་ནས་གྲོན་དངུལ་བསྡུས་མི་ཆོག
དོན་ཚན་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་སྒྲིག་འཛུགས་བྱས་ཏེ་ནུས་ཁུངས་གྲོན་ཆུང་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་བྱ་རྒྱུ་མ་ཟད་དུས་ཐོག་ཏུ་བཟོ་བཅོས་ཀྱང་རྒྱག་དགོས། ནུས་ཁུངས་གྲོན་ཆུང་གི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཙན་ཐབས་ཀྱི་རང་བཞིན་ལྡན་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཀྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་ཚད་གཞི། ཐོན་སྐྱེད་བྱེད་རིམ་དུ་ནུས་ཁུངས་ཟད་གྲོན་ཆེ་བའི་ཐོན་རྫས་ཀྱི་རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་བཅད་གྲངས་ཚད་གཞི་གཏན་འབེབས་བྱ་རྒྱུ།
ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལས་ནན་པའི་ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་གཏན་འབེབས་བྱེད་པར་བསྔགས་སྐུལ་བྱེད་པ།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་བཙན་ཐབས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལས་ནན་པའི་ས་གནས་ཀྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་གཏན་འབེབས་བྱ་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས། བཅའ་ཁྲིམས་འདིར་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད།
དོན་ཚན་བཅུ་བཞི་པ། ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་གཏན་འབེབས་བྱ་རྒྱུ་མ་ཟད། ཁྲིམས་བཀོད་གོ་རིམ་ལྟར་ཁྱབ་བསྒྲགས་ཀྱང་བྱ་རྒྱུ།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས། རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་ལས་ནན་པའི་ས་གནས་ཀྱི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་གཏན་འབེབས་བྱ་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།
དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་རྣམ་གྲངས་ཀྱི་ནུས་ཁུངས་གྲོན་ཆུང་བྱས་ཚུལ་ལ་དཔྱད་དཔོག་དང་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ། བཙན་ཐབས་རང་བཞིན་གྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་དང་མི་མཐུན་པའི་རྣམ་གྲངས་དེ་འཛུགས་སྐྲུན་ལས་ཁུངས་ཀྱིས་འཛུགས་སྐྲུན་བྱེད་འགོ་བཙུགས་མི་ཆོག འཛུགས་བསྐྲུན་བྱས་ཟིན་པའི་རིགས་དེ་ཐོན་སྐྱེད་དང་བེད་སྤྱོད་བྱས་མི་ཆོག སྲིད་གཞུང་གིས་མ་དངུལ་འཇོག་པའི་རྣམ་གྲངས་དེ་བཙན་ཐབས་རང་བཞིན་གྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་དང་མི་མཐུན་པའི་རིགས་དེ། ཁྲིམས་ལྟར་རྣམ་གྲངས་ཞིབ་མཆན་འགོད་པའི་ལས་ཁུངས་ཀྱིས་འཛུགས་སྐྲུན་ལ་ཆོག་མཆན་བཀོད་མི་ཆོག བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།
དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ཀྱིས་རྗེས་ལུས་ཡིན་པའི་ནུས་ཁུངས་ཟད་གྲོན་ཆེ་དྲགས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་། སྒྲིག་ཆས། ཐོན་སྐྱེད་བཟོ་རྩལ་བཅས་ལ་དོར་ལེན་ལམ་ལུགས་ལག་བསྟར་བྱ་རྒྱུ། དོར་བའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་། སྒྲིག་ཆས། ཐོན་སྐྱེད་བཟོ་རྩལ་བཅས་ཀྱི་དཀར་ཆག་དང་ལག་བསྟར་བྱ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་དང་སྤྱི་བསྒྲགས་བྱ་རྒྱུ།
ཐོན་སྐྱེད་བྱེད་སྐབས་ནུས་ཁུངས་ཟད་གྲོན་ཆེ་བའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་སྡེ་ཚན་གྱིས་རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་གྱི་བཅད་གྲངས་ཚད་གཞི་ལག་བསྟར་བྱ་དགོས། རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་གྱི་བཅད་གྲངས་ཚད་གཞི་ལས་བརྒལ་བའི་ནུས་ཁུངས་སྤྱོད་པའི་ཐོན་སྐྱེད་སྡེ་ཚན་ལ་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་དུས་བཀག་ནང་བཅོས་སྐྱོང་བྱེད་འགན་དཀྲི་རྒྱུ།
ནུས་ཁུངས་ཟད་གྲོན་ཆེ་བའི་དམིགས་བསལ་སྒྲིག་ཆས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ནུས་ཁུངས་གྲོན་ཆུང་གི་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱ་དགོས།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་བཀའ་ཁྱབ་ཞིབ་གསལ་བཏང་ནས་དོར་བའམ་བཙན་ཐབས་རང་བཞིན་གྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་ཀྱི་ཚད་གཞི་དང་མི་མཐུན་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཐོན་སྐྱེད་དང་། ནང་འདྲེན། བྲིན་འཚོང་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ་དང་། རྒྱལ་ཁབ་ཀྱིས་འདོར་དགོས་པའི་བཀའ་ཁྱབ་ཞིབ་གསལ་བསྒྲགས་པའི་ནུས་ཁུངས་སྤྱོད་པའི་སྒྲིག་ཆས་དང་ཐོན་སྐྱེད་བཟོ་རྩལ་བེད་སྤྱོད་བྱས་མི་ཆོག
དོན་ཚན་བཅོ་བརྒྱད་པ། ཁྱིམ་སྤྱོད་གློག་ཆས་སོགས་བེད་སྤྱོད་བྱེད་རྒྱ་ཆེ་ཞིང་ཟད་གྲོན་ཆེ་བའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་ལ་རྒྱལ་ཁབ་ཀྱིས་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་ཀྱི་དོ་དམ་ལག་བསྟར་བྱ་དགོས། ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་དོ་དམ་བྱེད་པའི་ཐོན་རྫས་ཀྱི་དཀར་ཆག་དང་ལག་བསྟར་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་དུ་གཏན་འབེབས་དང་སྤྱི་བསྒྲགས་བྱ་རྒྱུ།
དོན་ཚན་བཅུ་དགུ་པ། ཐོན་སྐྱེད་བྱེད་མཁན་དང་ནང་འདྲེན་ཚོང་པས་རྒྱལ་ཁབ་ཀྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་དོ་དམ་ཐོན་རྫས་ཀྱི་དཀར་ཆག་ནང་བཀོད་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་ལ་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་འགོད་དགོས། ཐོན་རྫས་ཀྱི་ཐུམ་སྒྲིལ་དངོས་པོའམ་གསལ་བཤད་ཡི་གེའི་ནང་གསལ་བཤད་བྱ་དགོས་པ་མ་ཟད། གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ཐུན་མོང་གིས་དབང་ཆ་བསྐུར་བའི་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།
ཐོན་སྐྱེད་བྱེད་མཁན་དང་ནང་འདྲེན་ཚོང་པས་ཐོན་རྫས་ཐོག་བཀོད་པའི་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་དང་འབྲེལ་ཡོད་ཆ་འཕྲིན་ཡང་དག་ཡིན་པར་འགན་འཁུར་དགོས། ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་འགོད་དགོས་ཀྱང་བཀོད་མེད་པའི་ཐོན་རྫས་བྲིན་འཚོང་བྱས་མི་ཆོག
ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་རྫུན་བཟོ་དང་རྫུན་སྤྱོད་བྱེད་པའམ་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་སྤྱད་དེ་དྲིལ་བསྒྲགས་རྫུན་མ་བྱེད་རིགས་གཏན་འགོག་བྱ་དགོས།
དོན་ཚན་ཉི་ཤུ་པ། ནུས་སྤྱོད་ཐོན་རྫས་ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་རང་མོས་ཀྱི་རྩ་དོན་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁས་བླངས་པའི་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་མཁན་སྒྲིག་གཞིར་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཡོང་རེ་ཞུ་རྒྱུ། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་ནས་ཚད་ལོན་རྗེས་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ལག་ཁྱེར་ཐོབ་ན། ནུས་ཁུངས་སྤྱོད་པའི་ཐོན་རྫས་སམ་དེའི་ཐུམ་སྒྲིལ་དངོས་པོའི་ཐོག་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་སྤྱད་ཆོག
རྫུན་བཟོ་བྱས་པའི་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་སྤྱོད་མི་ཆོག་པའམ་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་རྫུན་སྤྱོད་བྱས་མི་ཆོག
དོན་ཚན་ཉེར་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་བསྡོམས་རྩིས་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། ནུས་ཁུངས་བསྡོམས་རྩིས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་བསྡོམས་རྩིས་ཀྱི་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་ཁུངས་བསྡོམས་རྩིས་བྱེད་ཐབས་ལེགས་བཅོས་དང་ཚད་ལྡན་དུ་བཏང་སྟེ་ནུས་ཁུངས་བསྡོམས་རྩིས་ཀྱི་གཞི་གྲངས་བདེན་པ་དང་ཆ་ཚང་ཡོང་བར་འགན་ལེན་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྡོམས་རྩིས་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་མཉམ་དུ་དུས་བཀག་ལྟར་སྤྱི་ཚོགས་ལ་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག ཐད་སྐྱོང་གྲོང་ཁྱེར་ཁག་བཅས་དང་དེ་བཞིན་ནུས་ཁུངས་ཟད་གྲོན་ལས་རིགས་གཙོ་བོའི་ནུས་ཁུངས་འཛད་སྤྱོད་དང་ནུས་ཁུངས་གྲོན་ཆུང་བྱས་ཚུལ་སོགས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་བྱ་རྒྱུ།
དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་ཞབས་ཞུའི་ལས་ཁུངས་གོང་དུ་སྤེལ་བར་བསྔགས་སྐུལ་བྱ་རྒྱུ་དང་། ནུས་ཁུངས་གྲོན་ཆུང་ཞབས་ཞུའི་ལས་ཁུངས་ཀྱིས་ནུས་ཁུངས་གྲོན་ཆུང་ལ་བློ་འདྲི་དང་། ཇུས་འགོད། དཔྱད་དཔོག ཞིབ་དཔྱད་ཚད་ལེན། རྩིས་བཤེར། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སོགས་ཀྱི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་ཞབས་ཞུའི་ལས་ཁུངས་ཀྱིས་ནུས་ཁུངས་གྲོན་ཆུང་གི་ཤེས་བྱ་དྲིལ་བསྒྲགས་དང་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ནུས་ཁུངས་གྲོན་ཆུང་གི་ཆ་འཕྲིན་དང་། ནུས་ཁུངས་གྲོན་ཆུང་གི་དཔེ་སྟོན། སྤྱི་ཕན་གྱི་རང་བཞིན་ལྡན་པའི་ནུས་ཁུངས་གྲོན་ཆུང་གི་ཞབས་ཞུ་གཞན་དག་བཅས་མཁོ་འདོན་བྱ་རྒྱུ།
དོན་ཚན་ཉེར་གསུམ་པ། ལས་རིགས་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་གི་འཆར་འགོད་དང་། ནུས་ཁུངས་གྲོན་ཆུང་གི་ཚད་གཞི་གཏན་འབེབས་དང་ལག་བསྟར། ནུས་ཁུངས་གྲོན་ཆུང་ལག་རྩལ་ཁྱབ་སྤེལ། ནུས་ཁུངས་འཛད་སྤྱོད་བསྡོམས་རྩིས། ནུས་ཁུངས་གྲོན་ཆུང་གི་དྲིལ་བསྒྲགས་གསོ་སྦྱོང་དང་ཆ་འཕྲིན་བློ་འདྲི་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ།
ལེའུ་གསུམ་པ། ནུས་ཁུངས་བེད་སྤྱོད་ལུགས་མཐུན་དང་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
ས་བཅད་དང་པོ། གཏན་འབེབས་སྤྱིར་བཏང་བ།
དོན་ཚན་ཉེར་བཞི་པ། ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་ནུས་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པའི་རྩ་དོན་ལྟར། ནུས་ཁུངས་གྲོན་ཆུང་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་གྲོན་ཆུང་བྱེད་པའི་འཆར་གཞི་དང་ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་དང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱས་ནས་ནུས་ཁུངས་ཟད་གྲོན་ཆུང་དུ་གཏོང་དགོས།
དོན་ཚན་ཉེར་ལྔ་པ། ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་ནུས་ཁུངས་གྲོན་ཆུང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཙུགས་ནས་ནུས་ཁུངས་གྲོན་ཆུང་ལས་ཀར་གྲུབ་འབྲས་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་བྱ་དགའ་སྤྲོད་དགོས།
དོན་ཚན་ཉེར་དྲུག་པ། ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་དུས་བཀག་ལྟར་ནུས་ཁུངས་གྲོན་ཆུང་གི་སློབ་གསོ་དང་ལས་གནས་ཐོག་ནུས་ཁུངས་གྲོན་ཆུང་གི་གསོ་སྐྱོང་སྦྱོང་བརྡར་བྱ་དགོས།
དོན་ཚན་ཉེར་བདུན་པ། ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་ནུས་ཁུངས་ཀྱི་ཚད་འཇལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། གཏན་འབེབས་ལྟར་ཁྲིམས་ལྟར་དཔྱད་ཞིབ་བྱས་ནས་ཚད་ལོན་པའི་ནུས་ཁུངས་ཀྱི་ཚད་འཇལ་ཡོ་བྱད་སྒྲིག་སྦྱོར་དང་བེད་སྤྱོད་བྱ་དགོས།
ནུས་ཁུངས་བེད་སྤྱོད་སྡེ་ཚན་གྱིས་ནུས་ཁུངས་འཛད་སྤྱོད་བསྡོམས་རྩིས་དང་ནུས་ཁུངས་བེད་སྤྱོད་བྱས་ཚུལ་ལ་དབྱེ་ཞིབ་བྱེད་པའི་ལམ་ལུགས་འཛུགས་དགོས། ནུས་ཁུངས་སྣ་ཚོགས་ཀྱི་འཛད་སྤྱོད་ལ་རིགས་དབྱེ་ཚད་འཇལ་དང་བསྡོམས་རྩིས་བྱེད་པ་མ་ཟད། ནུས་ཁུངས་འཛད་སྤྱོད་ཀྱི་བསྡོམས་རྩིས་གཞི་གྲངས་བདེན་པ་དང་ཆ་ཚང་ཡིན་པ་ཁག་ཐེག་བྱེད་དགོས།
དོན་ཚན་ཉེར་བརྒྱད་པ། ནུས་ཁུངས་ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་སྡེ་ཚན་དེ་གའི་ལས་བཟོ་པར་རིན་དོད་མི་དགོས་པར་ནུས་ཁུངས་འདོན་སྤྲོད་བྱས་མི་ཆོག སྡེ་ཚན་གང་གིས་ཀྱང་ནུས་ཁུངས་འཛད་སྤྱོད་ལ་འགྲོ་གྲོན་འགན་ལེན་ལམ་ལུགས་ལག་བསྟར་བྱས་མི་ཆོག
ས་བཅད་གཉིས་པ། བཟོ་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
དོན་ཚན་ཉེར་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ནུས་ཁུངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལེགས་འགྱུར་དང་བཀོད་སྒྲིག་ལུགས་མཐུན་བྱེད་པར་སྐུལ་འདེད་བཏང་། ནུས་ཁུངས་གྲོན་ཆུང་ལ་ཕན་པའི་ལས་རིགས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་སྤྱོད་པའི་གྲུབ་ཚུལ་དང་ཁེ་ལས་ཀྱི་བཀོད་པ་ལེགས་འགྱུར་བྱ་དགོས།
དོན་ཚན་སུམ་ཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གློག་ཤུགས་དང་། ངར་ལྕགས། མདོག་ལྡན་ལྕགས་རིགས། ཨར་ལས་རྒྱུ་ཆ། རྡོ་སྣུམ་ལས་སྣོན། རྫས་འགྱུར་བཟོ་ལས། རྡོ་སོལ་སོགས་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་གཙོ་བོའི་ནུས་ཁུངས་གྲོན་ཆུང་ལག་རྩལ་སྲིད་ཇུས་གཏན་འབེབས་བྱ་རྒྱུ། ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་ལག་རྩལ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས།
དོན་ཚན་སོ་གཅིག་པ། བཟོ་ལས་ཁེ་ལས་ཀྱིས་ལས་ཆོད་ཆེ་བ་དང་ནུས་ཁུངས་གྲོན་ཆུང་བྱེད་པའི་གློག་སྒུལ་འཕྲུལ་འཁོར་དང་། ཁྲོ་ཐབ། སྲེག་ཐབ། རླུང་འཁོར། གཤེར་འཐེན་འཕྲུལ་འཁོར་སོགས་ཀྱི་སྒྲིག་ཆས་སྤྱོད་པ་དང་། ཚ་གློག་མཉམ་ཐོན་དང་། ཚ་ལྷག་གནོན་ལྷག་བེད་སྤྱོད། རྡོ་སོལ་གཙང་མ་དང་དེ་བཞིན་སྔོན་ཐོན་གྱི་ནུས་ཁུངས་བེད་སྤྱོད་ལྟ་ཞིབ་ཚད་ལེན་དང་ཚོད་འཛིན་སོགས་ཀྱི་ལག་རྩལ་སྤྱོད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ།
དོན་ཚན་སོ་གཉིས་པ། གློག་དྲའི་ཁེ་ལས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱས་པའི་ནུས་ཁུངས་གྲོན་ཆུང་གི་གློག་འདོན་བཀོད་གཏོང་དོ་དམ་སྐོར་གྱི་གཏན་འབེབས་ལྟར། གཙང་ཞིང་ལས་ཆོད་ཆེ་བ་དང་གཏན་འབེབས་དང་མཐུན་པའི་ཚ་གློག་མཉམ་ཐོན་དང་། ཚ་ནུས་ལྷག་མ་དང་གནོན་ཤུགས་ལྷག་མ་སྤྱད་དེ་གློག་འདོན་པའི་འཕྲུལ་འཁོར་ཚན་པ་དང་དེ་བཞིན་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་གཏན་འབེབས་དང་མཐུན་པའི་གློག་འདོན་འཕྲུལ་འཁོར་ཚན་པ་གཞན་དག་དང་གློག་དྲ་མཉམ་སྦྲེལ་གྱིས་འཁོར་སྐྱོད་བྱ་རྒྱུའི་བཀོད་སྒྲིག་བྱ་དགོས། དྲ་ཞུགས་གློག་རིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།
དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱི་གཏན་འབེབས་དང་མི་མཐུན་པའི་སོལ་སྤར་གློག་འདོན་འཕྲུལ་འཁོར་ཚན་པ་དང་། འབར་སྣུམ་གློག་འདོན་འཕྲུལ་འཁོར་ཚན་པ། སོལ་འབར་ཚ་གློག་འཕྲུལ་འཁོར་ཚན་པ་བཅས་གསར་སྐྲུན་བྱས་མི་ཆོག
ས་བཅད་གསུམ་པ། ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་སྐོར།
དོན་ཚན་སོ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་པར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་པར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་ལྷན་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་འཆར་གཞི་བཟོ་འགོད་བྱ་རྒྱུ། ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་འཆར་འགོད་ནང་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་འཆར་གཞི་ཚུད་དགོས།
དོན་ཚན་སོ་ལྔ་པ། ཨར་ལས་བཟོ་སྐྲུན་གྱི་འཛུགས་སྐྲུན་དང་། ཇུས་འགོད། ཨར་ལས། ལྟ་སྐུལ་དོ་དམ་བཅས་བྱེད་མཁན་སྡེ་ཚན་གྱིས་བཟོ་སྐྲུན་གྱི་ནུས་ཁུངས་གྲོན་ཆུང་བྱེད་པའི་ཚད་གཞི་བརྩི་སྲུང་བྱ་དགོས།
ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་པའི་ཚད་གཞི་དང་མི་མཐུན་པའི་ཨར་ལས་བཟོ་སྐྲུན་དེ། འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ལས་འགོ་འཛུགས་རྒྱུའི་ཆོག་མཆན་བཀོད་མི་ཆོག ལས་འགོ་ཚུགས་ཟིན་པའི་རིགས་ལ་ཨར་ལས་བྱེད་མཚམས་འཇོག་ཏུ་འཇུག་པ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། འཛུགས་སྐྲུན་བྱས་ཟིན་པའི་རིགས་ཕྱིར་འཚོང་ངམ་བེད་སྤྱོད་བྱས་མི་ཆོག
འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་བྱེད་བཞིན་པའི་ཨར་ལས་བཟོ་སྐྲུན་གྱིས་བཟོ་སྐྲུན་གྱི་ནུས་ཁུངས་གྲོན་ཆུང་ཚད་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་སོ་དྲུག་པ། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་ཁང་པ་བྲིན་འཚོང་བྱེད་སྐབས། ཉོ་མཁན་ལ་ཕྱིར་འཚོང་བྱས་པའི་ཁང་པའི་ནུས་ཁུངས་གྲོན་ཆུང་བྱ་ཐབས་དང་། དྲོད་སྲུང་ལས་གྲྭའི་ཞིག་གསོ་འགན་ལེན་དུས་ཡུན་སོགས་ཀྱི་ཆ་འཕྲིན་གསལ་སྟོན་བྱ་དགོས་པ་དང་། ཁང་པ་ཉོ་ཚོང་གན་རྒྱ་དང་། སྤུས་ཚད་འགན་ལེན་གྱི་དཔང་ཡིག བེད་སྤྱོད་གསལ་བཤད་ཡི་གེའི་ནང་གསལ་འགོད་བྱ་དགོས། དེའི་བཅོས་མིན་རང་བཞིན་དང་ཡང་དག་རང་བཞིན་ལ་འགན་འཁུར་དགོས།
དོན་ཚན་སོ་བདུན་པ། དྲོད་གྲང་སྙོམས་ཆས་སྤྱད་དེ་དྲོད་ལེན་དང་གྲང་བཟོ་བྱེད་པའི་སྤྱི་པའི་བཟོ་སྐྲུན་ལ་ངེས་པར་དུ་ཁང་པའི་ནང་གི་དྲོད་ཚད་ཚོད་འཛིན་ལམ་ལུགས་ལག་བསྟར་བྱེད་དགོས། བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།
དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་གཅིག་བསྡུས་ཀྱིས་ཚ་དྲོད་མཁོ་འདོན་བྱེད་པའི་ཨར་ལས་ལ་གོ་རིམ་དབྱེ་ནས་དུད་ཚང་བགོས་ཏེ་ཚ་དྲོད་མཁོ་འདོན་བྱེད་པའི་ཚད་འཇལ་དང་ཚ་ཚད་སྤྱོད་ཚུལ་ལ་གཞིགས་ནས་འགྲོ་གྲོན་བསྡུ་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ། གསར་དུ་བསྐྲུན་པའི་བཟོ་བཀོད་དམ་ད་ཡོད་ཨར་ལས་ལ་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་བྱེད་སྐབས། གཏན་འབེབས་ལྟར་ཚ་དྲོད་སྤྱོད་པའི་ཚད་འཇལ་སྒྲིག་ཆས་དང་། ཁང་པའི་ནང་གི་དྲོད་ཚད་སྙོམས་སྒྲིག་སྒྲིག་ཆས། ཚ་དྲོད་མཁོ་འདོན་མ་ལག་སྙོམས་སྒྲིག་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱ་དགོས། བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།
དོན་ཚན་སོ་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་གྲོང་ཁྱེར་གྱི་གློག་སྤྱོད་གྲོན་ཆུང་བྱ་བར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྤྱི་སྤྱོད་སྒྲིག་བཀོད་དང་རྩིག་བཟོས་ཆེ་གྲས་ཀྱི་མཛེས་རྒྱན་རང་བཞིན་གྱི་མཛེས་ལྗོངས་གློག་སྒྲོན་གྱི་ནུས་ཁུངས་ཟད་གྲོན་ལ་ཚོད་འཛིན་ནན་པོ་བྱ་དགོས།
དོན་ཚན་བཞི་བཅུ་པ། གསར་སྐྲུན་ཨར་ལས་དང་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་བྱེད་རིང་རྩིག་ངོས་ཀྱི་རྒྱུ་ཆ་གསར་པ་སོགས་ནུས་ཁུངས་གྲོན་ཆུང་གི་ཨར་ལས་རྒྱུ་ཆ་དང་ནུས་ཁུངས་གྲོན་ཆུང་གི་སྒྲིག་ཆས་སྤྱོད་པ་དང་། ཉི་ནུས་སོགས་སླར་ཆགས་ཐུབ་པའི་ནུས་ཁུངས་བེད་སྤྱོད་མ་ལག་སྒྲིག་སྦྱོར་དང་བེད་སྤྱོད་བྱ་བར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ། །
ས་བཅད་བཞི་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
དོན་ཚན་ཞེ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་སོ་སོའི་འགན་འཁྲི་ལྟར་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ལྟ་སྐུལ་དོ་དམ་ལས་ཀ་སྒྲུབ་འགན་འཁུར་རྒྱུ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་ལྷན་དུ་སོ་སོར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་འཆར་གཞི་བཟོ་དགོས།
དོན་ཚན་ཞེ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཚུལ་ལེགས་སྒྱུར་དང་། ནུས་ཁུངས་གྲོན་ཆུང་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱ་དགོས།
དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྤྱི་པའི་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་བཏང་བ་དང་། སྤྱི་པའི་འགྲིམ་འགྲུལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་ཕྱིར་སྐྱོད་པར་བསྔགས་སྐུལ་བྱ་དགོས། འཕྲུལ་སྒུལ་མིན་པའི་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་ཕྱིར་སྐྱོད་པར་བསྔགས་སྐུལ་བྱ་དགོས།
དོན་ཚན་ཞེ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་འཛུགས་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས། བགྲོད་ལམ་དང་། ཆུ་ལམ། མཁའ་འགྲུལ་བཅས་ཀྱི་སྐྱེལ་འདྲེན་ཁེ་ལས་ཀྱིས་སྐྱེལ་འདྲེན་སྒྲིག་འཛུགས་ཅན་དུ་འགྱུར་ཚད་དང་ཞིབ་ལས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་ནུས་ཁུངས་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་དགོས།
དོན་ཚན་ཞེ་ལྔ་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཅན་གྱི་རླངས་འཁོར་དང་། སྦག་སྦག་འཁོར་ལོ། མེ་འཁོར། གྲུ་གཟིངས། འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་གཞན་དག་གསར་སྤེལ་དང་། ཐོན་སྐྱེད། བེད་སྤྱོད་བཅས་བྱེད་པར་བསྔགས་སྐུལ་བྱ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་རྙིང་ཧྲུལ་བེད་མེད་ཟུར་འཇོག་དང་གསར་སྒྱུར་བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས།
རྒྱལ་ཁབ་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་དུ་སྤྱོད་པའི་འབར་རྫས་གཙང་མ་དང་རྡོ་སྣུམ་གྱི་ཚབ་བྱེད་འབར་རྫས་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་བྱ་རྒྱུར་བསྔགས་སྐུལ་བྱ་རྒྱུ།
དོན་ཚན་ཞེ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་རླངས་འཁོར་དང་གྲུ་གཟིངས་ཀྱི་འབར་རྫས་ཟད་གྲོན་ཚད་བཀག་གི་ཚད་གཞི་གཏན་འབེབས་བྱ་རྒྱུ་དང་། ཚད་གཞི་དང་མི་མཐུན་པ་རྣམས་སྐྱེལ་འདྲེན་ལས་གཉེར་ཐད་ལ་སྤྱད་མི་ཆོག
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གཉེར་སྐྱོང་རླངས་འཁོར་དང་གྲུ་གཟིངས་ཀྱི་འབར་རྫས་ཟད་གྲོན་བྱུང་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ས་བཅད་ལྔ་པ། སྤྱི་པའི་ལས་ཁུངས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
དོན་ཚན་ཞེ་བདུན་པ། སྤྱི་པའི་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་དང་། འཕྲོ་བརླག་གཏོང་བ་གཏན་འགོག་བྱ་དགོས་པ་དང་། སྣེ་ཁྲིད་དེ་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་དང་སྒྲིག་ཆས་བེད་སྤྱོད་བྱས་ནས་ནུས་ཁུངས་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་དགོས།
བཅའ་ཁྲིམས་འདིའི་ནང་བརྗོད་པའི་སྤྱི་པའི་སྒྲིག་གཞི་ཞེས་པ་ནི་ནོར་སྲིད་རང་བཞིན་གྱི་མ་དངུལ་ཡོངས་རྫོགས་སམ་ཆ་ཤས་སྤྱོད་པའི་རྒྱལ་ཁབ་ལས་ཁུངས་དང་། བྱ་ལས་སྡེ་ཚན། ཚོགས་པའི་རྩ་འཛུགས་བཅས་ལ་ཟེར།
དོན་ཚན་ཞེ་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ལས་ཁུངས་ཀྱི་ལས་དོན་དོ་དམ་ལས་ཁུངས་ཀྱིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རིམ་པ་དེ་གའི་སྤྱི་པའི་ལས་ཁུངས་ཀྱི་ནུས་ཁུངས་གྲོན་ཆུང་གི་འཆར་འགོད་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ། སྤྱི་པའི་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་གི་འཆར་འགོད་ནང་སྤྱི་པའི་སྡེ་ཚན་ལ་སྔོན་དུ་ཡོད་པའི་ཨར་སྐྲུན་ནུས་ཁུངས་གྲོན་ཆུང་གི་བསྒྱུར་བཀོད་འཆར་གཞི་ཚུད་དགོས།
དོན་ཚན་ཞེ་དགུ་པ། སྤྱི་པའི་ལས་ཁུངས་ཀྱིས་ལོ་འཁོར་གྱི་ནུས་ཁུངས་གྲོན་ཆུང་གི་དམིགས་འབེན་དང་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་དགོས། ནུས་ཁུངས་འཛད་སྤྱོད་ཀྱི་ཚད་འཇལ་དང་ལྟ་ཞིབ་ཚད་ལེན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ལས་ཁུངས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ལས་ཁུངས་ལ་ལོ་གོང་མའི་ནུས་ཁུངས་འཛད་སྤྱོད་གནས་ཚུལ་གྱི་སྙན་ཞུ་འབུལ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ལས་ཁུངས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ལས་ཁུངས་ཀྱིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་དོ་དམ་གྱི་དབང་ཚད་ལྟར། རིམ་པ་དེ་གའི་སྤྱི་པའི་ལས་ཁུངས་ཀྱི་ནུས་ཁུངས་ཟད་གྲོན་གྱི་བཅད་གྲངས་གཏན་འབེབས་བྱ་རྒྱུ་དང་། ནོར་སྲིད་སྡེ་ཁག་གིས་བཅད་གྲངས་དེར་གཞིགས་ནས་ནུས་ཁུངས་ཟད་གྲོན་གྱི་གཏོང་སྒོའི་ཚད་གཞི་གཏན་འབེབས་བྱ་དགོས།
དོན་ཚན་ལྔ་བཅུ་པ། སྤྱི་པའི་སྡེ་ཚན་གྱིས་ཚན་པ་དེ་གའི་ནུས་སྤྱོད་མ་ལག་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ནུས་སྤྱོད་མ་ལག་འཁོར་སྐྱོད་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་པའི་འགན་ལེན་བྱེད་དགོས།
སྤྱི་པའི་སྒྲིག་གཞིས་གཏན་འབེབས་ལྟར་ནུས་ཁུངས་རྩིས་བཤེར་བྱ་དགོས་པ་མ་ཟད། ནུས་ཁུངས་རྩིས་བཤེར་བྱས་འབྲས་ལ་གཞིགས་ནས་ནུས་ཁུངས་བེད་སྤྱོད་ལས་ཆོད་ཆེ་རུ་གཏོང་བའི་བྱེད་ཐབས་སྤྱོད་དགོས།
དོན་ཚན་ང་གཅིག་པ། སྤྱི་པའི་སྡེ་ཚན་གྱིས་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་སྐབས། ངེས་པར་དུ་ནུས་ཁུངས་གྲོན་ཆུང་བྱེད་པའི་ཐོན་རྫས་དང་སྒྲིག་ཆས་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོའི་ནང་བཅུག་པའི་ཐོན་རྫས་དང་སྒྲིག་ཆས་སྔོན་ལ་ཉོ་སྒྲུབ་བྱེད་དགོས། རྒྱལ་ཁབ་ཀྱིས་འདོར་དགོས་པའི་བཀའ་ཁྱབ་ཞིབ་གསལ་བསྒྲགས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་མི་ཆོག
ནུས་ཁུངས་གྲོན་ཆུང་བྱེད་པའི་ཐོན་རྫས་དང་སྒྲིག་ཆས་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོ་དེ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་དང་སྤྱི་བསྒྲགས་བྱ་རྒྱུ།
ས་བཅད་དྲུག་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་ཀྱི་སྐོར།
དོན་ཚན་ང་གཉིས་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་བྱ་བ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
གཤམ་གསལ་ནུས་ཁུངས་སྤྱོད་པའི་སྡེ་ཚན་ནི་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་ཡིན།
(གཅིག) ལོ་རེའི་ཕྱོགས་བསྡུས་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་གཅིག་ཡན་ཟིན་པའི་ནུས་ཁུངས་སྤྱོད་པའི་སྡེ་ཚན།
(གཉིས།) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གམ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་ལོ་རེའི་ཕྱོགས་བསྡུས་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ལྔ་སྟོང་ཡན་ནས་ཆིག་འབུམ་མན་བར་གྱི་ནུས་ཁུངས་སྤྱོད་པའི་སྡེ་ཚན།
ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་དོ་དམ་བྱེད་ཐབས་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།
དོན་ཚན་ང་གསུམ་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་ལོ་ལྟར་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་ལ་ལོ་གོང་མའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ་འབུལ་དགོས། ནུས་ཁུངས་བེད་སྤྱོད་བྱས་ཚུལ་ནང་ལ་ནུས་ཁུངས་འཛད་སྤྱོད་བྱས་ཚུལ་དང་། ནུས་ཁུངས་སྤྱོད་པའི་ཕན་འབྲས། ནུས་ཁུངས་གྲོན་ཆུང་གི་དམིགས་འབེན་ལེགས་གྲུབ་བྱས་ཚུལ། ནུས་ཁུངས་གྲོན་ཆུང་གི་ཕན་འབྲས་དབྱེ་ཞིབ། ནུས་ཁུངས་གྲོན་ཆུང་བྱེད་ཐབས་སོགས་ཀྱི་ནང་དོན་ཚུད་ཡོད།
དོན་ཚན་ང་བཞི་པ། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་ཞུ་འབུལ་བྱས་པའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་གྱི་སྙན་ཞུར་ཞིབ་བཤེར་བྱ་དགོས། ནུས་ཁུངས་གྲོན་ཆུང་དོ་དམ་ལམ་ལུགས་འཐུས་ཚང་མིན་པ་དང་། ནུས་ཁུངས་གྲོན་ཆུང་བྱ་ཐབས་དོན་འཁྱོལ་མི་བྱེད་པ། ནུས་ཁུངས་བེད་སྤྱོད་ལས་ཆོད་ཆུང་བ་བཅས་ཀྱི་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་དེ་ལ། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ཡུལ་དངོས་ལ་བརྟག་དཔྱད་བྱ་དགོས། ནུས་ཁུངས་སྤྱོད་པའི་སྒྲིག་ཆས་ཀྱི་ནུས་ཁུངས་ལས་ཆོད་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་སྒྲིག་འཛུགས་དང་། ནུས་ཁུངས་རྩིས་བཤེར་ལག་བསྟར་བྱེད་འགན་དཀྲི་དགོས། ཡིག་ཐོག་ནས་དག་ཐེར་བྱ་རྒྱུའི་བླང་བྱ་བཏོན་ནས་དུས་བཀག་ལྟར་དག་ཐེར་བྱ་དགོས།
དོན་ཚན་ང་ལྔ་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་ནུས་ཁུངས་དོ་དམ་གྱི་ལས་གནས་བཙུགས་དགོས། ནུས་ཁུངས་གྲོན་ཆུང་གི་ཆེད་ལས་ཤེས་བྱ་དང་ཉམས་མྱོང་དངོས། དེ་བཞིན་འབྲིང་རིམ་ཡན་གྱི་ལག་རྩལ་གོ་མིང་ཡོད་པའི་མི་སྣའི་ཁྲོད་དུ་ནུས་ཁུངས་དོ་དམ་འགན་འཁུར་པ་གདན་ཞུས་ལས་བསྐོས་བྱ་རྒྱུ་མ་ཟད། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།
ནུས་ཁུངས་དོ་དམ་འགན་འཁུར་པས་སྡེ་ཚན་དེ་གའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་པའི་སྒྲིག་འཛུགས་བྱེད་འགན་འཁུར་བ། སྡེ་ཚན་དེ་གའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ་རྩོམ་འབྲི་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྡེ་ཚན་དེ་གའི་ནུས་ཁུངས་གྲོན་ཆུང་ལས་ཀ་ལེགས་བཅོས་བྱེད་ཐབས་འདོན་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་རྒྱུ།
ནུས་ཁུངས་དོ་དམ་འགན་འཁུར་པས་ནུས་ཁུངས་གྲོན་ཆུང་གི་གསོ་སྐྱོང་སྦྱོང་བརྡར་ལ་དང་ལེན་བྱ་དགོས།
ལེའུ་བཞི་པ། ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་ཡར་ཐོན་ཡོང་བ་བྱེད་ཕྱོགས་ཀྱི་སྐོར།
དོན་ཚན་ང་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རྩལ་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་སྲིད་ཇུས་ཀྱི་རྩ་གནད་ཁྱབ་བསྒྲགས་བྱ་རྒྱུ་དང་། ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། ཁྱབ་སྤེལ་དང་བེད་སྤྱོད་བཅས་བྱེད་པར་མཛུབ་སྟོན་བྱ་དགོས།
དོན་ཚན་ང་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུ་དེ་སྲིད་གཞུང་གིས་ཚན་རྩལ་ཐད་མ་དངུལ་འཇོག་པའི་ཁྱབ་ཁོངས་གཙོ་བོར་འཛིན་དགོས། ཚན་རིག་ཞིབ་འཇུག་སྡེ་ཚན་དང་ཁེ་ལས་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་གྱི་བཀོལ་སྤྱོད་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ནུས་ཁུངས་གྲོན་ཆུང་གི་ཚད་གཞི་གཏན་འབེབས་དང་། ནུས་ཁུངས་གྲོན་ཆུང་གི་ཐུན་མོང་རང་བཞིན་དང་འགག་རྩའི་ལག་རྩལ་གསར་སྤེལ་བྱས་ཏེ་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས།
དོན་ཚན་ང་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་ཁྱབ་སྤེལ་དཀར་ཆག་གཏན་འབེབས་དང་སྤྱི་བསྒྲགས་བྱ་རྒྱུ་དང་། ནུས་ཁུངས་སྤྱོད་པའི་སྡེ་ཚན་དང་མི་སྒེར་གྱིས་སྔོན་ཐོན་གྱི་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་ཐོན་རྫས་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནུས་ཁུངས་གྲོན་ཆུང་གི་ཚན་རིག་ཞིབ་འཇུག་རྣམ་གྲངས་གལ་ཆེན་དང་། ནུས་ཁུངས་གྲོན་ཆུང་གི་དཔེ་སྟོན་རྣམ་གྲངས། ནུས་ཁུངས་གྲོན་ཆུང་གི་གཙོ་གནད་ལས་གྲྭ་བཅས་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ།
དོན་ཚན་ང་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཡུལ་བབ་དང་བསྟུན་པ་དང་། ནུས་པ་སྣ་མང་ཕན་ཚུན་གསབ་རེས། ཕྱོགས་བསྡུས་བེད་སྤྱོད། ཕན་འབྲས་ལ་དོ་སྣང་བཅས་བྱེད་པའི་རྩ་དོན་གཞིར་བཟུང་ནས། ཞིང་ལས་དང་གྲོང་གསེབ་ཀྱི་ནུས་ཁུངས་གྲོན་ཆུང་ལས་ཀར་ཤུགས་སྣོན་རྒྱག་པ། ཞིང་ལས་དང་གྲོང་གསེབ་ཀྱི་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་མ་དངུལ་འཇོག་གྲངས་མང་དུ་གཏོང་དགོས།
ཞིང་ལས་དང་ཚན་རྩལ་སོགས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་ཐོན་སྐྱེད་དང་། ཞིང་ལས་ཐོན་རྫས་ལས་སྣོན་དང་གསོག་འདྲེན། སྐྱེལ་འདྲེན་སོགས་ཀྱི་ཐད་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་སྤྱོད་པར་རྒྱབ་སྐྱོར་དང་ཁྱབ་གདལ་གཏོང་དགོས། ནུས་ཁུངས་ཟད་གྲོན་ཆེ་བའི་ཞིང་ལས་འཕྲུལ་ཆས་དང་ཉ་ལས་གྲུ་གཟིངས་གསར་བཅོས་དང་མེད་པར་བཟོ་བར་བསྔགས་སྐུལ་བྱ་དགོས།
རྒྱལ་ཁབ་ཀྱིས་གྲོང་གསེབ་ཏུ་རྫབ་རླངས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ། སྐྱེ་དངོས་ཀྱི་གཤིས་ནུས་དང་། ཉི་ནུས། རླུང་ནུས་སོགས་བསྐྱར་སྤྱོད་རུང་བའི་ནུས་ཁུངས་བེད་སྤྱོད་བྱེད་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པའི་རྩ་དོན་ལྟར་ཆུ་ཤུགས་གློག་འདོན་ཆུང་གྲས་འཕེལ་རྒྱས་གཏོང་དགོས། ནུས་ཁུངས་གྲོན་ཆུང་ཅན་གྱི་གྲོང་གསེབ་ཀྱི་སྡོད་ཁང་དང་ཐབ་ཀ་སོགས་ཁྱབ་གདལ་གཏོང་དགོས། རྨོ་ཞིང་མིན་པའི་ནུས་ཁུངས་སྐྱེ་དངོས་འདེབས་འཛུགས་བྱེད་པར་བསྔགས་སྐུལ་དང་། བུད་ཤིང་དང་སོལ་བ་ཐོན་སའི་ནགས་ཚལ་སོགས་ནུས་ཁུངས་ནགས་ཚལ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
ལེའུ་ལྔ་པ། སྐུལ་མ་གཏོང་ཐབས་ཀྱི་སྐོར།
དོན་ཚན་དྲུག་ཅུ་པ། ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་རིམ་པའི་ས་གནས་ནོར་སྲིད་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པའི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་དང་ཐོན་རྫས་དཔེ་སྟོན་དང་ཁྱབ་སྤེལ། ནུས་ཁུངས་གྲོན་ཆུང་བྱེད་པའི་གཙོ་གནད་ལས་གྲྭ་ལག་བསྟར། ནུས་ཁུངས་གྲོན་ཆུང་བྱེད་པའི་དྲིལ་བསྒྲགས་དང་སྦྱོང་བརྡར། ཆ་འཕྲིན་ཞབས་ཞུ། གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་སོགས་ལ་རྒྱབ་སྐྱོར་བྱ་དགོས།
དོན་ཚན་རེ་གཅིག་པ། བཅའ་ཁྲིམས་འདིའི་དོན་ཚན་ང་བརྒྱད་པའི་གཏན་འབེབས་ནང་བཀོད་པའི་ཁྱབ་སྤེལ་དཀར་ཆག་གི་ནང་གི་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་ཐོན་རྫས་དེ་ཐོན་སྐྱེད་དང་བེད་སྤྱོད་བྱ་རྒྱུར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་དགོས་ལ། ཁྲལ་བསྡུ་གཟིགས་སྐྱོང་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ནོར་སྲིད་ཁ་གསབ་བྱེད་པ་ལ་བརྟེན་ནས་ནུས་ཁུངས་གྲོན་ཆུང་གི་གློག་སྒྲོན་ཡོ་བྱད་སོགས་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
དོན་ཚན་རེ་གཉིས་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་དང་ཐོན་ཁུངས་གྲོན་ཆུང་བྱེད་པར་ཕན་པའི་ཁྲལ་བསྡུའི་སྲིད་ཇུས་ལག་བསྟར་བྱས་ཏེ། ནུས་ཁུངས་དང་གཏེར་རྫས་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་གྲོན་ཆུང་དང་དེ་སྔོག་འདོན་དང་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།
དོན་ཚན་རེ་གསུམ་པ། རྒྱལ་ཁབ་ཀྱིས་ཁྲལ་འབབ་སོགས་ཀྱི་སྲིད་ཇུས་སྤྱད་དེ། སྔོན་ཐོན་གྱི་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱེད་པར་བསྔགས་སྐུལ་བྱས་པ་དང་། ཐོན་སྐྱེད་བྱེད་སྐབས་ནུས་ཁུངས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱ་དགོས།
དོན་ཚན་རེ་བཞི་པ། སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་དང་སྒྲིག་ཆས་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོ་གཏན་འབེབས་བྱ་རྒྱུ་དང་། ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ལག་ཁྱེར་ཐོབ་པའི་ཐོན་རྫས་དང་སྒྲིག་ཆས་དམིགས་སུ་བཀར་ནས་སྔོན་ལ་འཇུག་དགོས།
དོན་ཚན་རེ་ལྔ་པ། རྒྱལ་ཁབ་ཀྱིས་དངུལ་རྩའི་སྒྲིག་གཞིས་ནུས་ཁུངས་གྲོན་ཆུང་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བར་ཁྲིད་སྟོན་བྱས་ནས། ཆ་རྐྱེན་འཛོམས་པའི་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་ཐོན་སྐྱེད། དེ་བཞིན་ནུས་ཁུངས་གྲོན་ཆུང་ལག་རྩལ་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་གཟིགས་སྐྱོང་གི་དངུལ་བུན་མཁོ་འདོན་བྱ་རྒྱུ།
སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པར་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་རྒྱལ་ཁབ་ནས་སྐུལ་འདེད་དང་ཁྲིད་སྟོན་བྱ་རྒྱུ་དང་། ནུས་པ་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ།
དོན་ཚན་རེ་དྲུག་པ། རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་བྱེད་པར་ཕན་པའི་རིན་གོང་སྐོར་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ནུས་ཁུངས་སྤྱོད་པའི་སྡེ་ཚན་དང་སྐྱེ་བོས་ནུས་ཁུངས་གྲོན་ཆུང་བྱེད་པར་ཁྲིད་སྟོན་བྱ་རྒྱུ།
རྒྱལ་ཁབ་ཀྱིས་ནོར་ཁྲལ་དང་རིན་གོང་སོགས་ཀྱི་སྲིད་ཇུས་སྤྱད་དེ་གློག་ཤུགས་ཀྱི་དགོས་མཁོའི་ཕྱོགས་ལ་དོ་དམ་དང་། གན་རྒྱའི་ནུས་ཁུངས་དོ་དམ། ནུས་ཁུངས་གྲོན་ཆུང་རང་མོས་གྲོས་མཐུན་སོགས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་ཐབས་ཁྱབ་སྤེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ།
རྒྱལ་ཁབ་ཀྱིས་མཐོ་རོང་དུས་དབྱེའི་གློག་རིན་དང་། དུས་ཚིགས་རང་བཞིན་གྱི་གློག་རིན། ཐེག་ཚད་བཅད་ཆོག་པའི་གློག་རིན་བཅས་ཀྱི་ལམ་ལུགས་ལག་བསྟར་བྱས་ནས། གློག་ཤུགས་སྤྱོད་མཁན་གྱིས་གློག་སྤྱོད་ཐེག་ཚད་ལེགས་སྒྲིག་ལུགས་མཐུན་བྱེད་པར་བསྔགས་སྐུལ་བྱ་རྒྱུ། ངར་ལྕགས་དང་། མདོག་ལྡན་ལྕགས་རིགས། ཨར་ལས་རྒྱུ་ཆ། རྫས་འགྱུར་བཟོ་ལས་དང་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་གཞན་དག་གི་ཁེ་ལས་ལ། འདོར་བ། ཚོད་འཛིན། བྱེད་ཆོག་པ། བསྔགས་སྐུལ་ཀྱི་རིགས་བཅས་སུ་དབྱེ་ནས་གློག་རིན་ཁྱད་པར་ཡོད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ།
དོན་ཚན་རེ་བདུན་པ། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་ཁུངས་གྲོན་ཆུང་བྱ་བ་དོ་དམ་དང་། ནུས་ཁུངས་གྲོན་ཆུང་གི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། ཁྱབ་སྤེལ་དང་བེད་སྤྱོད་བཅས་བྱེད་སྐབས་གྲུབ་འབྲས་མངོན་གསལ་ཡོད་པ་དང་དེ་བཞིན་ནུས་ཁུངས་འཕྲོ་བརླག་ཚབས་ཆེན་བཏང་བའི་སྤྱོད་ངན་ཐེར་འདོན་བྱེད་མཁན་ཀྱིི་སྡེ་ཚན་དང་མི་སྒེར། གཟེངས་བསྟོད་བྱ་རྒྱུ་དང་བྱ་དགའ་སྤྲོད་རྒྱུ།
ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།
དོན་ཚན་རེ་བརྒྱད་པ། སྲིད་གཞུང་གིས་མ་དངུལ་འཇོག་པའི་རྣམ་གྲངས་ལ་ཞིབ་མཆན་འགོད་འགན་འཁུར་མཁན་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། བཙན་ཐབས་རང་བཞིན་གྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་དང་མི་མཐུན་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་ཆོག་མཆན་བཀོད་པའི་རིགས་ལ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་པའི་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་གྱིས་ལས་འགོ་ཚུགས་ཏེ་བཙན་ཐབས་རང་བཞིན་གྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་དང་མི་མཐུན་པའི་རྣམ་གྲངས་འཛུགས་སྐྲུན་བྱས་པའམ་རྣམ་གྲངས་དེ་ཐོན་སྐྱེད་དང་བེད་སྤྱོད་བྱས་པ་དེ། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་འཛུགས་སྐྲུན་བྱེད་མཚམས་འཇོག་པའམ་ཐོན་སྐྱེད་དང་བེད་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་དགོས་ལ། དུས་བཀག་ལྟར་བསྒྱུར་བཀོད་བྱེད་དུ་འཇུག་རྒྱུ། བསྒྱུར་བཀོད་བྱེད་མི་ཐུབ་པའམ་ཡང་ན་དུས་ལས་ཡོལ་ཡང་བསྒྱུར་བཀོད་མ་བྱས་པའི་ཐོན་སྐྱེད་རང་བཞིན་གྱི་རྣམ་གྲངས་ཡིན་ཕྱིན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུའི་སྙན་ཞུ་འབུལ་རྒྱུ།
དོན་ཚན་རེ་དགུ་པ། རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་ཁྱབ་ཞིབ་གསལ་བསྒྲགས་ཡོད་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཐོན་སྐྱེད། ནང་འདྲེན། བྲིན་འཚོང་བཅས་བྱས་རིགས་བྱུང་ན། རྫུན་བཟོ་བྱས་པའི་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་སྤྱོད་པའམ་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་རྫུན་སྤྱོད་བྱས་པའི་རིགས། 《ཐོན་རྫས་ཀྱི་སྤུས་ཚད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་འཁོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་བདུན་ཅུ་པ། བཙན་ཐབས་རང་བཞིན་གྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་ཀྱི་ཚད་གཞི་དང་མི་མཐུན་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཐོན་སྐྱེད། ནང་འདྲེན། བྲིན་འཚོང་བཅས་བྱས་ན། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐོན་སྐྱེད། ནང་འདྲེན། ཕྱིར་འཚོང་བཅས་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ། ཁྲིམས་འགལ་གྱིས་ཐོན་སྐྱེད་དང་། ནང་འདྲེན། བྲིན་འཚོང་བཅས་བྱས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་། སྒྲིག་ཆས། ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།
དོན་ཚན་དོན་གཅིག་པ། རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་ཁྱབ་ཞིབ་གསལ་བསྒྲགས་པའི་ནུས་སྤྱོད་སྒྲིག་ཆས་སམ་ཐོན་སྐྱེད་བཟོ་རྩལ་བེད་སྤྱོད་བྱས་པའི་རིགས་ནི། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་བེད་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་ཁྱབ་ཞིབ་གསལ་བསྒྲགས་པའི་ནུས་སྤྱོད་སྒྲིག་ཆས་དེ་གཞུང་བཞེས་གཏོང་རྒྱུ། ཉེས་ཚབས་ཆེ་རིགས་ལ་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་བསམ་འཆར་བཏོན་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དབང་ཚད་ལྟར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་སྒོ་རྒྱག་ཏུ་འཇུག་རྒྱུའི་སྙན་ཞུ་ཕུལ་ཆོག
དོན་ཚན་དོན་གཉིས་པ། ཐོན་སྐྱེད་སྡེ་ཚན་གྱིས་རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་བཅད་གྲངས་ཀྱི་ཚད་གཞི་ལས་བརྒལ་ཏེ་ནུས་ཁུངས་སྤྱོད་པ་དེ་ཉེས་ཚབས་ཆེ་ཞིང་། དུས་བཀག་ནང་བཅོས་སྐྱོང་བྱེད་དུ་བཅུག་རུང་དུས་བཀག་ནང་བཅོས་སྐྱོང་མི་བྱེད་པའམ་བཅོས་སྐྱོང་གི་བླང་བྱའི་ཚད་ལ་སླེབས་མེད་ན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་བསམ་འཆར་བཏོན་ཆོག རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དབང་ཚད་ལྟར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་སྒོ་རྒྱག་ཏུ་འཇུག་རྒྱུའི་སྙན་འབུལ་ཞུ་དགོས།
དོན་ཚན་དོན་གསུམ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་འགོད་དགོས་ཀྱང་གསལ་པོར་བཀོད་མེད་ན། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དེར་ཡོ་བསྲང་བྱེད་དུ་འཇུག་དགོས། སྒོར་ཁྲི་གསུམ་ཡན་ནས་ཁྲི་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།
བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་ཐོ་འགོད་སྙན་སེང་བསྒྲུབས་མེད་པ། ཡང་ན་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་གཏན་འབེབས་དང་མི་མཐུན་པའི་རིགས་ལ། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ལས་ཡོལ་རུང་ཡོ་བསྲང་མ་བྱས་ན། དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་སུམ་ཁྲི་མན་ཆད་གཅོད་རྒྱུ།
ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་རྫུན་བཟོ་དང་རྫུན་སྤྱོད་བྱས་པའམ་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་སྤྱད་དེ་དྲིལ་བསྒྲགས་རྫུན་མ་བྱས་པའི་རིགས། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།
དོན་ཚན་དོན་བཞི་པ། ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་གཏན་འབེབས་ལྟར་ནུས་ཁུངས་ཀྱི་ཚད་འཇལ་ཡོ་བྱད་སྒྲིག་སྦྱོར་དང་བེད་སྤྱོད་བྱས་མེད་པའི་རིགས། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ལས་ཡོལ་རུང་ཡོ་བསྲང་མ་བྱས་ན། དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་ཆད་གཅོད་རྒྱུ།
དོན་ཚན་དོན་ལྔ་པ། ནུས་ཁུངས་བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་རྫུན་ཞུ་དང་། རྫུན་བཟོ། གཡོ་བཅོས་བཅས་བྱས་པའམ་ནུས་ཁུངས་བསྡོམས་རྩིས་ཀྱི་གཞི་གྲངས་རྫུན་མ་སྒྲིག་བཟོ་བྱས་པའི་རིགས། 《བསྡོམས་རྩིས་རྒྱག་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་གསལ་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།
དོན་ཚན་དོན་དྲུག་པ། ནུས་ཁུངས་གྲོན་ཆུང་གི་བློ་འདྲི་དང་། ཇུས་འགོད། དཔྱད་དཔོག ཞིབ་དཔྱད་ཚད་ལེན། རྩིས་བཤེར། དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སོགས་ཀྱི་ཞབས་ཞུ་བྱེད་མཁན་ལས་ཁུངས་ཀྱིས་ཆ་འཕྲིན་རྫུན་མ་འདོན་སྤྲོད་བྱས་ན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ལྔ་ཁྲི་ཡན་ནས་ཆིག་འབུམ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།
དོན་ཚན་དོན་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། རིན་དོད་མི་དགོས་པར་སྡེ་ཚན་དེ་གའི་ལས་བཟོ་པར་ནུས་ཁུངས་མཁོ་འདོན་བྱེད་པའམ་ནུས་ཁུངས་འཛད་སྤྱོད་བྱེད་པར་འགྲོ་གྲོན་འགན་ལེན་ལམ་ལུགས་ལག་བསྟར་བྱས་ན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་མན་ཆད་གཅོད་རྒྱུ།
དོན་ཚན་དོན་བརྒྱད་པ། གློག་དྲའི་ཁེ་ལས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་གཏན་འབེབས་དང་མཐུན་པའི་ཚ་གློག་མཉམ་ཐོན་དང་ཚ་ནུས་ལྷག་མ་དང་གནོན་ཤུགས་ལྷག་མ་སྤྱད་དེ་གློག་འདོན་པའི་འཕྲུལ་འཁོར་ཚན་པ་དང་གློག་དྲ་མཉམ་སྦྲེལ་གྱིས་འཁོར་སྐྱོད་བཀོད་སྒྲིག་མ་བྱས་པ། ཡང་ན་རྒྱལ་ཁབ་ཀྱི་དྲ་ཞུགས་གློག་རིན་སྐོར་གྱི་གཏན་འབེབས་ལག་བསྟར་བྱས་མེད་ན། རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། གློག་འདོན་ཁེ་ལས་ལ་དཔལ་འབྱོར་གྱི་གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།
དོན་ཚན་དོན་དགུ་པ། འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་པའི་ཚད་གཞི་དང་འགལ་ན། འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དངུལ་ཆད་སྒོར་ཉིས་འབུམ་ཡན་ནས་ལྔ་འབུམ་མན་ཆད་གཅོད་རྒྱུ།
ཇུས་འགོད་སྡེ་ཚན་དང་། ཨར་ལས་སྡེ་ཚན། ལྟ་སྐུལ་དོ་དམ་སྡེ་ཚན་བཅས་ཀྱིས་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་ཚད་གཞི་དང་འགལ་ན། འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དངུལ་ཆད་སྒོར་ཆིག་འབུམ་ཡན་ནས་ལྔ་འབུམ་མན་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལག་ཁྱེར་སྤྲོད་མཁན་སྡེ་ཁག་གིས་ལག་ཁྱེར་གྱི་རིམ་པ་དམའ་རུ་གཏོང་རྒྱུའམ་ཡང་ན་ལག་ཁྱེར་ཕྱིར་བསྡུ་རྒྱུ། གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།
དོན་ཚན་བརྒྱད་ཅུ་པ། ས་ཁང་གསར་སྤེལ་ཁེ་ལས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། ཁང་པ་ཕྱིར་འཚོང་བྱེད་སྐབས་ཉོ་མཁན་ལ་བཙོངས་པའི་ཁང་པའི་ནུས་ཁུངས་གྲོན་ཆུང་བྱ་ཐབས་དང་དྲོད་སྲུང་ལས་གྲྭའི་ཉམས་གསོའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་གསལ་སྟོན་མ་བྱས་ན། འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན་སྒོར་ཁྲི་གསུམ་ཡན་ནས་ཁྲི་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། གོང་གསལ་ཆ་འཕྲིན་དྲིལ་བསྒྲགས་རྫུན་མ་བྱས་པའི་རིགས་ལ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་མན་ཆད་གཅོད་རྒྱུ།
དོན་ཚན་གྱ་གཅིག་པ། སྤྱི་པའི་ལས་ཁུངས་ཀྱིས་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་སྐབས། ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་དང་སྒྲིག་ཆས་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོའི་ནང་བཅུག་པའི་ཐོན་རྫས་དང་སྒྲིག་ཆས་དམིགས་བསལ་གྱིས་སྔོན་ལ་ཉོ་སྒྲུབ་མ་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་པའི་རིགས། སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐ་ཚིག་སྒྲོག་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་པའི་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་མ་ཟད་བརྡ་ཁྱབ་ཀྱང་གཏོང་རྒྱུ།
དོན་ཚན་གྱ་གཉིས་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུའམ་སྙན་ཞུའི་ནང་དོན་དྲང་བདེན་མིན་པ་ཕུལ་ན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ལས་ཡོལ་རུང་ཡོ་བསྲང་མ་བྱས་ན། དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་ཆད་གཅོད་རྒྱུ།
དོན་ཚན་གྱ་གསུམ་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་རྒྱུ་མཚན་ལུགས་མཐུན་མེད་པར་བཅའ་ཁྲིམས་འདིའི་དོན་ཚན་ང་བཞི་པའི་ནང་གཏན་འབེབས་བྱས་པའི་དག་ཐེར་ཡོ་བསྲང་གི་བླང་བྱ་དོན་འཁྱོལ་མི་བྱེད་པའམ་དག་ཐེར་ཡོ་བསྲང་གི་བླང་བྱ་དང་མཐུན་མེད་ན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་སྒོར་ཆིག་འབུམ་ཡན་ནས་སུམ་འབུམ་མན་ཆད་བར་གྱི་དངུལ་ཆད་གཅོད།
དོན་ཚན་གྱ་བཞི་པ། ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ནུས་ཁུངས་དོ་དམ་ལས་གནས་མ་བཙུགས་ན། ནུས་ཁུངས་དོ་དམ་འགན་འཁུར་པ་གདན་ཞུས་ལས་བསྐོས་མ་བྱེད་ན། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་མེད་པའི་རིགས། ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཡོ་བསྲང་མི་བྱེད་མཁན་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་གཅོད་རྒྱུ།
དོན་ཚན་གྱ་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
དོན་ཚན་གྱ་དྲུག་པ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ནུས་ཁུངས་གྲོན་ཆུང་དོ་དམ་གྱི་ལས་ཀ་སྒྲུབ་སྐབས། འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། བྱས་ཉེས་སུ་གྲུབ་མེད་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
ལེའུ་བདུན་པ། ཞར་བྱུང་དོན་ཚན།
དོན་ཚན་གྱ་བདུན་པ། བཅའ་ཁྲིམས་འདི་2008ལོའི་ཟླ་4ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།