ཁེ་ལས་ཀྱི་ལས་བཟོ་པའི་གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་ལག་བསྟར་བྱེད་ཐབས།

ཐོ་འགོད་དུས་ཚོད།:2020-11-13  

ཁེ་ལས་ཀྱི་ལས་བཟོ་པའི་གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་ལག་བསྟར་བྱེད་ཐབས།

   

ཁེ་ལས་ཀྱི་ལས་བཟོ་བའི་གླ་ཕོགས་འཁྱེར་ནས་ལོ་རེའི་གུང་གསེང་ལག་བསྟར་བྱེད་ཐབསདེ་2008ལོའི་ཟླ་7པའི་ཚེས་17ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ལས་དོན་གྲོས་ཚོགས་ཐེངས་6པའི་ཐོག་གྲོས་འཆམ་བྱུང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་དུ་བསྟར་དགོས།

  

 པུའུ་ཀྲང་། དབྱིན་ཝེ་རྨིན།

2008ལོའི་ཟླ་9ཚེས་18ཉིན།

 

ཁེ་ལས་ཀྱི་ལས་བཟོ་པའི་གླ་ཕོགས་བླངས་ནས་ལོ་རེའི་གུང་གསེང་ལག་བསྟར་བྱེད་ཐབས།

 

དོན་ཚན་དང་པོ། ལས་བཟོ་བས་གླ་ཕོགས་ཁྱེར་ནས་ལོ་རེའི་གུང་གསེང་སྐོར་གྱི་སྲོལ་ཡིག(གཤམ་དུ་བསྡུས་མིང་ལ་སྲོལ་ཡིག་ཅེས་འབོད་རྒྱུ) དེ་ལག་བསྟར་བྱེད་པའི་ཆེད་དུ། ལག་བསྟར་བྱེད་ཐབས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ཁེ་ལས། དམངས་གཉེར་གྱི་ཁེ་ལས་མིན་པའི་སྡེ་ཚན། གླ་པ་ཡོད་པའི་ཁེར་གཉེར་བཟོ་ཚོང་ཐེམ་དུད་སོགས་ཀྱི་སྡེ་ཚན་(གཤམ་དུ་དེར་ལས་མི་བཀོལ་མཁན་སྡེ་ཚན་ཞེས་འབོད་རྒྱུ་)དང་དེ་དང་ངལ་རྩོལ་གྱི་འབྲེལ་བ་བཙུགས་པའི་ལས་བཟོ་པ་རྣམས་ལ་བྱེད་ཐབས་འདི་སྤྱད་འཐུས།

   

དོན་ཚན་གསུམ་པ། ལས་བཟོ་པས་བསྟུད་མར་ལས་ཀ་ཟླ་བ་12ཡན་བྱས་རིགས་ལ་གླ་ཕོགས་ཡོད་པའི་ལོ་འཁོར་གྱི་གུང་གསེང་(གཤམ་དུ་ལོ་འཁོར་གྱི་གུང་གསེང་ཞེས་བསྡུ་རྒྱུ)ལོངས་སྤྱོད་བྱེད་རྒྱུ།

   

དོན་ཚན་བཞི་པ། ལོའི་གུང་གསེང་གི་ཉིན་གྲངས་ནི་ལས་བཟོ་པའི་རིམ་རྩིས་ཀྱི་ལས་ཀའི་དུས་ཚོད་ལྟར་གཏན་འཁེལ་བྱ་རྒྱུ། ལས་བཟོ་པས་ལས་མི་བཀོལ་མཁན་ལས་ཁུངས་གཅིག་གམ་མི་འདྲ་བར་ལས་ཀ་བྱེད་སྐབས། དེ་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ལས་ཀ་བྱེད་རིང་དུ་བརྩིས་ནས་ལས་ཀའི་དུས་ཚོད་སྡེབ་རྩིས་རྒྱག་དགོས།

   

དོན་ཚན་ལྔ་པ། ལས་བཟོ་པ་ལས་མི་བཀོལ་སྤྱོད་སྡེ་ཚན་དུ་གསར་ཞུགས་བྱས་པ་མ་ཟད་བྱ་ཐབས་འདིའི་དོན་ཚན་གསུམ་པའི་གཏན་འབེབས་དང་མཐུན་ཚེ།  ལོ་དེའི་ལོ་རེའི་གུང་གསེང་ཉིན་གྲངས། སྡེ་ཚན་དེ་རང་གི་ལོ་ཐོའི་ཉིན་གྲངས་ལྷག་མའི་གྲངས་ཀ་ལྟར་རྩིས་བརྒྱབ་ནས་གཏན་ཁེལ་བྱས་རྗེས། ཉིན་གཅིག་ཀྱང་མ་ལོན་པའི་ཆ་ཤས་ལ་ལོ་རེའི་གུང་གསེང་ལོངས་སུ་སྤྱོད་རྒྱུ་མེད།

  

 ཚན་པ་སྔོན་མས་གཏན་འབེབས་བྱས་པའི་ཕབ་རྩིས་བྱེད་ཐབས་ནི། (ལོ་འཁོར་དེར་ལས་ཁུངས་དེའི་ལོ་ཐོའི་ཉིན་གྲངས་ལྷག་མ ÷ ཉིན365)×ལས་བཟོ་བ་རང་ཉིད་ཀྱིས་ལོ་ཧྲིལ་བོར་ལོངས་སུ་སྤྱོད་དགོས་པའི་ལོ་རེའི་གུང་གསེང་གི་ཉིན་གྲངས།

   

དོན་ཚན་དྲུག་པ། ལས་བཟོ་པས་ཁྲིམས་ལྟར་ལོངས་སྤྱོད་བྱེད་པའི་གཉེན་འཕྲད་ཀྱི་གུང་སེང་དང་། གཉེན་སྒྲིག་དང་འདས་མཆོད་ཀྱི་གུང་གསེང་། ཕྲུ་གུ་སྐྱེ་བའི་གུང་གསེང་སོགས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གུང་གསེང་དང་། དེ་བཞིན་ལས་ཁམས་ལ་རྨས་སྐྱོན་ཕོག་ནས་ལས་མཚམས་བཞག་སྟེ་གླ་ཕོགས་སྤྲོད་པའི་དུས་སྐབས་དེ་ལོའི་གུང་གསེང་གི་ཁོངས་སུ་མི་བརྩི།

   

དོན་ཚན་བདུན་པ། ལས་བཟོ་པའི་དབྱར་དགུན་གུང་གསེང་གི་ཉིན་གྲངས་དེ་ལོའི་གུང་གསེང་གི་ཉིན་གྲངས་ལས་མང་བ་ལོངས་སུ་སྤྱོད་པའི་རིགས།  ལོ་དེའི་ལོ་རེའི་གུང་གསེང་ལོངས་སུ་སྤྱད་མི་ཆོག  དངོས་གནས་ལས་ཀའི་དགོས་མཁོའི་དབང་གིས་ལས་བཟོ་པའི་དབྱར་དགུན་གུང་གསེང་གི་ཉིན་གྲངས་དེ་ལོའི་གུང་གསེང་གི་ཉིན་གྲངས་ལས་ཉུང་བ་ཡོད་ཚེ་མི་སྤྱོད་མཁན་ལས་ཁུངས་ཀྱི་ངེས་པར་དུ་ལོའི་གུང་གསེང་གི་ཉིན་གྲངས་འདང་ངེས་ཁ་གསབ་བྱེད་དགོས།

   

དོན་ཚན་བརྒྱད་པ། ལས་བཟོ་པར་ལོ་དེའི་གུང་གསེང་ལོངས་སུ་སྤྱོད་ཚར་རྗེས། ལོ་འཁོར་ནང་སྲོལ་ཡིག་གི་དོན་ཚན་བཞི་པའི་ནང་གསེས་དོན་ཚན་(གཉིས་པ་)དང་། (གསུམ་པ། )(བཞི་པ། )(ལྔ་པ་)བཅས་སུ་གཏན་འབེབས་བྱས་པའི་གནས་ཚུལ་ལས་རིགས་གཅིག་བྱུང་ན། ལོ་རྗེས་མའི་ལོ་རེའི་གུང་གསེང་ལོངས་སུ་སྤྱད་མི་ཆོག

   

དོན་ཚན་དགུ་པ། ལས་མི་བཀོལ་མཁན་ལས་ཁུངས་ཀྱིས་ཐོན་སྐྱེད་དང་ལས་ཀའི་གནས་ཚུལ་དངོས་ལ་གཞིགས་ནས། ལས་བཟོ་པ་རང་ཉིད་ཀྱི་འདོད་མོས་ལ་བསམ་གཞིགས་བྱས་ནས་ལོ་རེའི་གུང་གསེང་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས། ལས་མི་སྤྱོད་མཁན་སྡེ་ཚན་གྱིས་དངོས་གནས་ལས་ཀའི་དགོས་མཁོའི་དབང་གིས་ལས་བཟོ་པའི་ལོ་རེའི་གུང་གསེང་བཀོད་སྒྲིག་བྱེད་མི་ཐུབ་པའམ་ཡང་ན་ལོ་འཁོར་གཅིག་བརྒལ་ནས་ལོ་རེའི་གུང་གསེང་བཀོད་སྒྲིག་བྱེད་མ་ཐུབ་ན། ལས་བཟོ་པ་དེ་ཉིད་ཀྱི་མོས་མཐུན་འཐོབ་དགོས།

 

དོན་ཚན་བཅུ་པ། ལས་མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་པའི་མོས་མཐུན་ཐོབ་པ་བརྒྱུད་ལོ་རེའི་གུང་གསེང་བཀོད་སྒྲིག་མི་བྱེད་པའམ་ལས་བཟོ་པའི་ལོ་རེའི་གུང་གསེང་བཀོད་སྒྲིག་བྱས་པའི་ཉིན་གྲངས་དེ་ངལ་གསོ་དགོས་པའི་ལོ་རེའི་ངལ་གསོའི་ཉིན་གྲངས་ལས་ཉུང་ན། ལོ་འཁོར་འདིའི་ནང་ཚུན་དུ་ལས་བཟོ་པར་ངལ་གསོ་དགོས་ཀྱང་ངལ་གསོ་མ་བྱེད་པའི་ཉིན་གྲངས་དེར་ཉིན་རེའི་གླ་ཕོགས་ཡོང་འབབ་ཀྱི་300%ལྟར་ངལ་གསོ་མ་བྱས་པའི་ལོའི་གུང་གསེང་གླ་ཕོགས་ཀྱི་གླ་ཆ་སྤྲོད་དགོས། དེའི་ནང་ལས་མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་པའི་རྒྱུན་ལྡན་གྱི་ལས་ཀ་བྱེད་རིང་གི་གླ་ཕོགས་ཀྱི་ཡོང་འབབ་ཚུད་ཡོད།

   

ལས་མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་པའི་ལོ་རེའི་གུང་གསེང་བཀོད་སྒྲིག་བྱེད་ཡོད་ལ། འོན་ཀྱང་ལས་བཟོ་བ་རང་ཉིད་ཀྱི་རྐྱེན་གྱིས་ཡིག་ཐོག་ནས་ལོ་རེའི་གུང་གསེང་ངལ་གསོ་མི་བྱེད་པའི་རེ་བ་བཏོན་ན། ལས་མི་སྤྱོད་མཁན་སྡེ་ཚན་གྱིས་རྒྱུན་ལྡན་གྱི་ལས་ཀ་བྱེད་རིང་གི་གླ་ཕོགས་ཀྱི་ཡོང་འབབ་ཁོ་ན་སྤྲད་ཆོག

   

དོན་ཚན་བཅུ་གཅིག་པ། ངལ་གསོ་མ་བྱས་པའི་ལོའི་གུང་གསེང་གི་གླ་ཕོགས་ཀྱི་ཉིན་རེའི་གླ་ཕོགས་ཡོང་འབབ་དེ་བརྩིས་རྒྱག་སྐབས།  ལས་བཟོ་པ་རང་ཉིད་ཀྱི་ཟླ་རེའི་གླ་ཕོགས ÷ ཟླ་རེའི་གླ་ཕོགས་ལེན་པའི་ཉིན་གྲངས་ཉིན21.75ལྟར་རྩིས་རྒྱག་རྒྱུ།

   

ཚན་པ་གོང་མར་འབོད་པའི་ཟླ་རེའི་གླ་ཕོགས་ཞེས་པ་ནི། ལས་བཟོ་བས་ལས་མི་བཀོལ་མཁན་སྡེ་ཚན་ནས་གུང་གསེང་གི་གླ་ཕོགས་མ་བྱིན་པའི་སྔོན་གྱི་ཟླ་བཅུ་གཉིས་ཀྱི་ནང་དུ་ལས་དུས་འཕར་སྣོན་བྱས་པའི་གླ་ཕོགས་ཕུད་རྗེས་ཀྱི་ཟླ་རེའི་ཆ་སྙོམས་ཀྱི་གླ་ཕོགས་ལ་བསྟན་པ་ཡིན། ལས་མི་སྤྱོད་མཁན་སྡེ་ཚན་དེ་གར་ལས་ཀ་བྱེད་ཡུན་ཟླ་12མ་ཟིན་ན། ཟླ་བ་དངོས་ལྟར་ཟླ་རེའི་ཆ་སྙོམས་གླ་ཕོགས་རྩིས་རྒྱག་དགོས།

   

ལས་བཟོ་པས་ལོ་རེའི་གུང་གསེང་གཏོང་སྐབས་རྒྱུན་ལྡན་གྱི་ལས་ཀ་བྱེད་སྐབས་དང་འདྲ་བའི་གླ་ཕོགས་ཀྱི་ཡོང་འབབ་ལོངས་སུ་སྤྱོད་རྒྱུ། ཐོན་གྲངས་ལྟར་རྩིས་པའི་གླ་ཕོགས་དང་། ཆ་འཐེན་གླ་ཕོགས། ཡང་ན་ལས་ཕྱོད་གླ་ཕོགས་ལམ་ལུགས་གཞན་དག་ལག་བསྟར་བྱེད་པའི་ལས་བཟོ་པ། ཉིན་རེའི་གླ་ཕོགས་སྤྲོད་ཐབས་ནི་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

   

དོན་ཚན་བཅུ་གཉིས་པ། ལས་མི་བཀོལ་མཁན་སྡེ་ཚན་དང་ལས་བཟོ་པར་ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་ནམ་མཚམས་འཇོག་བྱེད་སྐབས།  ལོ་འཁོར་དེའི་ནང་ལས་བཟོ་པ་ངལ་གསོ་རྒྱག་ཡུན་ལོངས་རྗེས་ལོ་རེའི་གུང་གསེང་གཏོང་དགོས་རིགས་བཀོད་སྒྲིག་བྱས་མེད་ན། ལས་བཟོ་པའི་ལོ་དེའི་ལས་ཀའི་དུས་ཚོད་ལ་གཞིགས་ནས་ངལ་གསོ་རྒྱག་དགོས་རིགས་ཀྱི་ངལ་གསོའི་ཉིན་གྲངས་ལ་ཕབ་རྩིས་རྒྱག་དགོས་པ་མ་ཟད། ད་དུང་ངལ་གསོ་རྒྱག་དགོས་པའི་ལོའི་གུང་གསེང་གི་གླ་ཕོགས་ཀྱང་སྤྲོད་དགོས། འོན་ཀྱང་ཉིན་ཞག་གཅིག་མ་ལོངས་པའི་ཁག་དེར་ངལ་གསོ་མ་བྱས་པའི་ལོའི་གུང་གསེང་གི་གླ་ཕོགས་དེ་མི་སྤྲོད།

   

ཚན་པ་སྔོན་མས་གཏན་འབེབས་བྱས་པའི་ཕབ་རྩིས་བྱེད་ཐབས་ནི། (ལོ་འཁོར་དེ་རང་གི་ལས་ཁུངས་སུ་ལོ་ཐོའི་ཉིན་གྲངས་འདས་ཟིན་པ÷ ཉིན365)×ལས་བཟོ་བ་རང་ཉིད་ཀྱིས་ལོ་ཧྲིལ་བོར་ལོངས་སུ་སྤྱོད་འོས་པའི་ལོ་རེའི་གུང་གསེང་གི་ཉིན་གྲངས - ལོ་དེར་ལོ་རེའི་གུང་གསེང་གི་ཉིན་གྲངས་བཀོད་སྒྲིག་བྱས་ཟིན་པ།

   

ལས་མི་སྤྱོད་མཁན་སྡེ་ཚན་གྱིས་ལོ་དེར་ལས་བཟོ་བའི་ལོ་རེའི་གུང་གསེང་བཀོད་སྒྲིག་བྱས་ཡོད་ན།    ཕབ་རྩིས་བརྒྱབ་ན་ལོ་རེའི་གུང་གསེང་ལས་མང་བའི་ཉིན་གྲངས་དེ་སླར་ཡང་འཐེན་མི་དགོས།

   

དོན་ཚན་བཅུ་གསུམ་པ། ངལ་རྩོལ་གྱི་གན་རྒྱ་དང་། ཐུན་མོང་གི་གན་རྒྱའི་ནང་ཁ་ཆད་བཞག་རིགས་སམ་ཡང་ན་ལས་མི་སྤྱོད་མཁན་སྡེ་ཚན་གྱི་སྒྲིག་སྲོལ་ལམ་ལུགས་ཀྱིས་གཏན་ལ་ཕབ་པའི་ལོ་རེའི་གུང་གསེང་གི་ཉིན་གྲངས་དང་། ངལ་གསོ་མ་བྱས་པའི་ལོའི་གུང་གསེང་གི་གླ་ཕོགས་དེ་ཁྲིམས་བཀོད་ཀྱི་ཚད་གཞི་ལས་མཐོ་བ་ཡིན་ན། ལས་མི་སྤྱོད་མཁན་སྡེ་ཚན་གྱིས་འབྲེལ་ཡོད་ཁ་ཆད་དམ་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

   

དོན་ཚན་བཅུ་བཞི་པ། ངལ་ལས་མངགས་གཏོང་ལས་ཁུངས་ཀྱི་ལས་བཟོ་པ་རྣམས་བྱེད་ཐབས་འདིའི་དོན་ཚན་གསུམ་པར་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ཚེ་ལོ་རེའི་གུང་གསེང་ལོངས་སུ་སྤྱད་ཆོག

   

མངགས་གཏོང་བྱས་པའི་ལས་བཟོ་པར་ངལ་རྩོལ་གྱི་གན་རྒྱ་འཇོག་པའི་དུས་ཚད་ནང་ལས་ཀ་མེད་པའི་རིང་ལ་ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་ངལ་རྩོལ་གྱི་གླ་ཕོགས་སྤྲོད་པའི་ཉིན་གྲངས་དེ་ལོ་ཧྲིལ་པོར་ལོངས་སུ་སྤྱོད་དགོས་པའི་ལོ་རེའི་གུང་སེང་གི་ཉིན་གྲངས་ལས་མང་བ་ཡིན་ན། ལོ་དེའི་ལོ་རེའི་གུང་གསེང་ལོངས་སུ་སྤྱད་མི་ཆོག  ལོ་ཧྲིལ་པོར་ལོངས་སུ་སྤྱོད་དགོས་པའི་ལོ་རེའི་གུང་སེང་གི་ཉིན་གྲངས་ལས་ཉུང་བ་ཡིན་ན། ངལ་ལས་མངགས་གཏོང་བྱེད་མཁན་སྡེ་ཚན་དང་ལས་མི་བཀོལ་མཁན་སྡེ་ཚན་གྱིས་གྲོས་མོལ་ཐོག་མངགས་གཏོང་བྱས་པའི་ལས་བཟོ་པའི་ལོ་རེའི་གུང་སེང་གི་ཉིན་གྲངས་ཁ་སྐོང་བྱ་རྒྱུའི་བཀོད་སྒྲིག་བྱ་དགོས།

 

དོན་ཚན་བཅོ་ལྔ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གིས་མི་སྤྱོད་མཁན་སྡེ་ཚན་གྱིས་སྲོལ་ཡིག་དང་བྱེད་ཐབས་འདི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

   

མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་པའི་ལོ་རེའི་གུང་གསེང་བཀོད་སྒྲིག་མི་བྱེད་པ་དང་དེ་བཞིན་སྲོལ་ཡིག་དང་བྱེད་ཐབས་འདིའི་གཏན་འབེབས་ལྟར་ལོ་རེའི་གུང་གསེང་གི་གླ་ཕོགས་མ་སྤྲད་ན། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ངལ་རྩོལ་སྲིད་འཛིན་སྡེ་ཁག་གིས་འགན་དབང་ལ་གཞིགས་ནས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། མི་བཀོལ་མཁན་སྡེ་ཚན་དེར་ངལ་གསོ་བྱས་མེད་པའི་ལོའི་གུང་གསེང་གླ་ཕོགས་སྤྲོད་འགན་དཀྲི་དགོས་པ་ཕུད། མི་བཀོལ་མཁན་སྡེ་ཚན་གྱིས་ད་དུང་ངལ་གསོ་བརྒྱབ་མེད་པའི་ལོའི་གུང་གསེང་གླ་ཕོགས་ཀྱི་གྲངས་འབོར་ལྟར་ལས་བཟོ་པར་སྐྱིན་ཚབ་འཇལ་དངུལ་སྤྲོད་དགོས། ལོ་རེའི་གུང་གསེང་གི་གླ་ཕོགས་སྤྲོད་རྒྱུ་དང་། གུན་གསབ་འཇལ་དངུལ་སྤྲོད་རྒྱུའི་སྲིད་འཛིན་ཐག་གཅོད་ཀྱི་ཆོད་དོན་ལག་བསྟར་མ་བྱས་པ། ངལ་རྩོལ་སྲིད་འཛིན་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱི་ལག་བསྟར་བྱེད་པ་ཞུ་རྒྱུ།

   

དོན་ཚན་བཅུ་དྲུག་པ། ལས་བཟོ་པ་དང་མི་བཀོལ་མཁན་ལས་ཁུངས་ཀྱིས་ལོའི་གུང་གསེང་གི་དབང་གིས་ངལ་རྩོལ་རྩོད་གླེང་བྱུང་བའི་རིགས། ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

   

དོན་ཚན་བཅུ་བདུན་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱས་པ་ཕུད། ལས་ཁུངས་དང་། བྱ་ལས་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ་བཅས་དང་། དེ་དང་ངལ་རྩོལ་གྱི་འབྲེལ་བ་བཙུགས་པའི་ལས་བཟོ་པ་རྣམས་ཀྱིས་བྱེད་ཐབས་འདི་གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ།

         

གྲུ་པའི་ལོ་རེའི་གུང་གསེང་དེ་གྲུ་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིགལྟར་ལག་བསྟར་བྱ་རྒྱུ།

   

དོན་ཚན་བཅོ་བརྒྱད་པ། བྱ་ཐབས་འདིའི་ནང་གི་ལོ་འཁོར་ཞེས་པ་ནི་སྤྱི་ལོའི་ལོ་འཁོར་ལ་ཟེར།

   

དོན་ཚན་བཅུ་དགུ་པ། བྱེད་ཐབས་འདི་སྤྱི་བསྒྲགས་བྱེད་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号