ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བཅའ་ཁྲིམས། 

 

ཁོངས་གཏོགས་རིམ་པའི་རིགས་དབྱེ།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་མཛོད།

ཁོངས་གཏོགས་ཀྱི་རིགས་དབྱེ།རྒྱལ་ཁབ་ཀྱི་རྩ་འཛུགས།

ཁོངས་གཏོགས་ས་ཁུལ།

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ཁྱབ་བསྒྲགས་ཡིག་ཆའི་ཨང་གྲངས།

ཁྱབ་བསྒྲགས་བྱས་པའི་ཚེས་གྲངས།2018-12-29

ནུས་ཐོན་ཚེས་གྲངས།2018-12-29

ནུས་པ་ཤོར་བའི་ཚེས་གྲངས།

ནུས་པའི་གནས་ཚུལ།ནུས་པ་ཡོད།

 

བཅའ་ཁྲིམས་འདིའི་འཕོ་འགྱུར་ལོ་རྒྱུས།

1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བཅའ་ཁྲིམས། (1989ལོའི་ཟླ་12ཚེས་26ཉིན་ཁྱབ་བསྒྲགས་བྱས་པ་དང་1990ལོའི་ཟླ་1ཚེས་1ཉིན་ལག་ལེན་དུ་བསྟར། )

2. ཁྲིམས་སྲོལ་འདི་《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བཅའ་ཁྲིམས〉〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་བཅའ་ཁྲིམསབཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》(2018ལོའི་ཟླ་12ཚེས་29ཉིན་ཁྱབ་བསྒྲགས་བྱས་པ་དང་2018ལོའི་ཟླ་12ཚེས་29ཉིན་ལག་བསྟར་བྱས་པ) ་གྱིས་བཟོ་བཅོས་རྒྱབ་པ།

 

དོན་ཚན་དང་པོ། གྲོང་ཁྱེར་གྲོང་མི་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་གྲོང་མི་མང་ཚོགས་ཀྱིས་བཅའ་ཁྲིམས་ལྟར་མང་ཚོགས་རང་ཉིད་ཀྱི་བྱ་བ་བསྒྲུབས་ཏེ་གྲོང་ཁྱེར་གྱི་གཞི་རིམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་སྤེལ་བ་དང་གྲོང་ཁྱེར་དུ་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྤེལ་བར་སྐུལ་འདེད་གཏོང་ཆེད་རྩ་ཁྲིམས་ལ་གཞིགས་ནས་བཅའ་ཁྲིམས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་ནི་གྲོང་མིས་རང་ཉིད་དོ་དམ་དང་རང་ཉིད་ལ་སློབ་གསོ། རང་ཉིད་ལ་ཞབས་འདེགས་ཞུ་བ་བཅས་བྱེད་མཁན་གཞི་རིམ་གྱི་མང་ཚོགས་རང་བཞིན་ལྡན་པའི་རང་སྐྱོང་རྩ་འཛུགས་ཤིག་ཡིན།

 

ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་ཀྱིས་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཁྲིད་སྟོན་དང་རྒྱབ་སྐྱོར། རོགས་རམ་བཅས་བྱ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་ལ་གཞོགས་འདེགས་ཀྱིས་ལས་དོན་བསྒྲུབ།

 

དོན་ཚན་གསུམ་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ལས་འགན་གཤམ་གསལ།

(གཅིག)རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དྲིལ་བསྒྲགས་དང་། གྲོང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། གྲོང་མིར་བཅའ་ཁྲིམས་ལྟར་བསྒྲུབ་དགོས་པའི་འོས་འགན་བསྒྲུབ་རྒྱུ་དང་། སྤྱིའི་རྒྱུ་ནོར་ལ་གཅེས་སྤྲས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྤེལ་བའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་དགོས་པའི་སློབ་གསོ་གཏོང་རྒྱུ།

(གཉིས།)སྡོད་ཁུལ་དེ་གའི་གྲོང་མིའི་སྤྱི་པའི་ལས་དོན་གྱི་སྤྱི་ཕན་བྱ་གཞག་བསྒྲུབ་རྒྱུ།

(གསུམ།)དམངས་ཁྲོད་ཀྱི་རྩོད་གཞི་འདུམ་འགྲིག་བྱ་རྒྱུ།

(བཞི།)སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རོགས་བྱ་རྒྱུ།

(ལྔ།)མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་གྲོང་མིའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྤྱི་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། གཟིགས་སྐྱོང་དང་རྒུད་སྐྱོབ། གཞོན་ནུ་དང་ལོ་ཆུང་གི་སློབ་གསོ་ལ་སོགས་པའི་ལས་ཀ་ལེགས་པར་བསྒྲུབ་རྒྱུ།

(དྲུག)མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་ལ་གྲོང་མིའི་བསམ་འཆར་ཞུ་བ་དང་འབྲེལ་གྲོས་འགོ་འདོན་རྒྱུ།

 

དོན་ཚན་བཞི་པ། གྲོང་མི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་དམངས་བདེ་དམངས་ཕན་གྱི་སྡེ་ཁུལ་ཞབས་ཞུའི་བྱེད་སྒོ་སྤེལ་དགོས་པ་དང་འབྲེལ་ཡོད་ཞབས་ཞུའི་བྱ་གཞག་གཉེར་ཆོག

 

གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གྲོང་མིའི་ཨུ་ཡོན་ལྷན་ཁང་དེ་གའི་རྒྱུ་ནོར་དོ་དམ་བྱ་རྒྱུ་དང་། སྡེ་ཁག་དང་སྡེ་ཚན་གང་གིས་ཀྱང་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་རྒྱུ་ནོར་གྱི་བདག་དབང་ལ་བཙན་གནོད་བྱས་མི་ཆོག

 

དོན་ཚན་ལྔ་པ། མི་རིགས་མང་བའི་སྡོད་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གྲོང་མི་རྣམས་ལ་ཕན་ཚུན་རོགས་རམ་དང་ཕན་ཚུན་བརྩི་འཇོག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་སློབ་གསོ་གཏོང་དགོས།

 

དོན་ཚན་དྲུག་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གྲོང་མིའི་སྡོད་གནས་ཀྱི་གནས་ཚུལ་ལ་གཞིགས་ནས་གྲོང་མིས་རང་སྐྱོང་བྱེད་བདེ་བའི་རྩ་དོན་ལྟར་སྤྱིར་བཏང་དུ་དུད་ཚང་བརྒྱ་ནས་བདུན་བརྒྱའི་བར་གྱི་ཁྱབ་ཁོངས་སུ་འཛུགས་རྒྱུ།

 

གྲོང་མིའི་ཨུ་ཡོན་ལྷན་ཁང་གསར་འཛུགས་དང་ཕྱིར་འཐེན། གཞི་ཁྱོན་ལེགས་སྒྲིག་བཅས་གང་བྱེད་ནི་ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་གིས་ཐག་གཅོད་རྒྱུ།

 

དོན་ཚན་བདུན་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ཁྱོན་བསྡོམས་མི་ལྔ་ནས་དགུ་ལས་འཛུགས་རྒྱུ། མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་དུ་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མི་ཡོད་དགོས།

 

དོན་ཚན་བརྒྱད་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཨུ་ཡོན་བཅས་ནི་སྡོད་ཁུལ་དེ་གའི་འདེམས་བསྐོ་བྱེད་དབང་ཡོད་པའི་གྲོང་མི་ཡོངས་རྫོགས་སམ་ཡང་ན་དུད་ཚང་རེས་འཐུས་མི་རེ་བཏང་ནས་བདམས་ཐོན་ཡོང་བ་བྱེད་རྒྱུ་དང་། གྲོང་མིའི་བསམ་འཆར་ལ་གཞིགས་ནས་གྲོང་མིའི་ཚོ་ཆུང་རེས་འཐུས་མི་གཉིས་ནས་གསུམ་བར་འདེམས་བསྐོ་བྱས་ནས་བདམས་ཐོན་བྱས་ཀྱང་ཆོག གྲོང་མིའི་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་འཛིན་ཡུན་ཚད་ལོ་ལྔ་རེ་ཡིན་ཞིང་། དེའི་ཁོངས་མི་བསྐྱར་འདེམས་བསྐྱར་བསྐོ་བྱས་ཆོག

 

ལོ་ན་བཅོ་བརྒྱད་ལོན་པའི་སྡོད་ཁུལ་དེ་གའི་གྲོང་མི་ཡིན་ཕྱིན། མི་རིགས་དང་རིགས་རྒྱུད། སྐྱེས་པའམ་བུད་མེད། ལས་རིགས། སྐྱེ་ཁུངས་ཁྱིམ་ཚང་། ཆོས་དད་བྱེད་མིན། སློབ་གསོ་ཐོབ་ཚད། རྒྱུ་ནོར་མང་ཉུང་། སྡོད་ཡུན་རིང་ཐུང་བཅས་གང་ཡིན་ལ་མ་བལྟོས་པར་ཚང་མར་འདེམས་བསྐོ་བྱེད་དབང་དང་གདམ་བྱའི་དབང་ཆ་ཡོད། འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་ཕྲོགས་ཟིན་པ་རྣམས་དེའི་ཁོངས་སུ་མི་གཏོགས།

 

དོན་ཚན་དགུ་པ། གྲོང་མིའི་གྲོས་ཚོགས་ནི་ལོ་ན་བཅོ་བརྒྱད་ཡན་གྱི་གྲོང་མི་ལས་འགྲུབ་རྒྱུ།

 

གྲོང་མིའི་གྲོས་ཚོགས་ནི་ལོ་ན་བཅོ་བརྒྱད་ཡན་གྱི་གྲོང་མི་ཡོངས་རྫོགས་སམ་དུད་ཚང་རེས་འཐུས་ཚབ་བཏང་ནས་འཚོགས་ཆོག་ལ། གྲོང་མིའི་ཚོ་ཆུང་རེས་འཐུས་མི་གཉིས་གསུམ་རེ་བདམས་ནས་ཞུགས་ཀྱང་ཆོག

 

གྲོང་མིའི་གྲོས་ཚོགས་སུ་ངེས་པར་དུ་ལོ་ན་བཅོ་བརྒྱད་ཡན་སོན་པའི་གྲོང་མི་དང་ཐེམ་དུད་ཀྱི་འཐུས་མིའམ་གྲོང་མིའི་ཚོ་ཆུང་གིས་འདེམས་བསྐོ་བྱས་པའི་འཐུས་མིའི་རྩ་འབོར་གྱི་ཕྱེད་ཀ་ལས་བརྒལ་བ་ཞུགས་ཡོད་ན་གཞི་ནས་འཚོགས་ཆོག གྲོས་ཚོགས་ཀྱི་ཆོད་དོན་ནི་གྲོས་ཚོགས་སུ་ཞུགས་མཁན་མི་གྲངས་ཕྱེད་ཀ་ཡན་གྱིས་གྲོས་འཆམ་བྱ་དགོས།

 

དོན་ཚན་བཅུ་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གྲོང་མིའི་ཚོགས་འདུར་འགན་འཁུར་རྒྱུ་མ་ཟད་ལས་དོན་སྙན་སེང་ཡང་ཞུ་རྒྱུ།

 

གྲོང་མིའི་གྲོས་ཚོགས་ནི་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་བསྡུ་བ་དང་གཙོ་སྐྱོང་བྱ་རྒྱུ། ལོ་ན་བཅོ་བརྒྱད་ཡན་སོན་པའི་གྲོང་མི་དང་ཁྱིམ་དུད་རྩ་འབོར་གྱི་ལྔ་ཆ་གཅིག་ཡན་ནམ་གྲོང་མིའི་ཚོ་ཆུང་གསུམ་ཆ་གཅིག་ཡན་གྱིས་གྲོས་འགོ་བཏོན་ན་གྲོང་མིའི་གྲོས་ཚོགས་སྐོང་འཚོག་བྱ་དགོས། གྲོང་མི་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་རིགས་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གྲོང་མིའི་ཚོགས་འདུར་གྲོས་བསྡུར་ཐག་གཅོད་བྱེད་རྒྱུར་འབུལ་དགོས།

 

གྲོང་མིའི་གྲོས་ཚོགས་ལ་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྗེ་འཐེན་དང་གསབ་འདེམས་བྱེད་པའི་དབང་ཆ་ཡོད།

 

དོན་ཚན་བཅུ་གཅིག་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གནད་དོན་ཐག་གཅོད་བྱེད་སྐབས་ཉུང་བས་མང་བར་བརྩི་བཀུར་བྱེད་པའི་རྩ་དོན་ལག་ལེན་བསྟར་རྒྱུ།

 

གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་ལས་ཀ་བྱེད་སྐབས་དམངས་གཙོའི་བྱེད་ཐབས་སྤྱོད་དགོས་པ་ལས་བཙན་བཀའ་འབེབས་རིགས་བྱས་མི་ཆོག

 

དོན་ཚན་བཅུ་གཉིས་པ། གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་ལ་བརྩི་སྲུང་ཞུ་དགོས་པ་དང་། ལས་སྒྲུབ་དྲང་གཞག་དང་སྤྲོ་སེམས་འཁོལ་བའི་ངང་ཡུལ་མིར་ཞབས་འདེགས་ཞུ་དགོས།

 

དོན་ཚན་བཅུ་གསུམ་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་དགོས་མཁོར་གཞིགས་ཏེ་མི་དམངས་ཀྱི་འདུམ་འགྲིག་དང་བདེ་འཇགས་སྲུང་སྐྱོབ། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མངའ་འོག་གི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་གཅིག་ལྕོགས་སུ་ཁུར་ཆོག གྲོང་མི་ཅུང་ཉུང་བའི་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་མངའ་འོག་གི་ཨུ་ཡོན་ལྷན་ཁང་མ་བཙུགས་ན་ཆོག་ཅིང་། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ལས་བགོས་ཀྱིས་འབྲེལ་ཡོད་ལས་ཀའི་འགན་འཁུར་རྒྱུ།

 

དོན་ཚན་བཅུ་བཞི་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་གྲོང་མིའི་ཚོ་ཆུང་དུ་མ་སོ་སོར་བཙུགས་ཆོག་པ་དང་། ཚོ་ཆུང་གི་འགོ་འཛིན་གྲོང་མིའི་ཚོ་ཆུང་ནས་འདེམས་སྒྲུག་བྱ་རྒྱུ།

 

དོན་ཚན་བཅོ་ལྔ་པ། གྲོང་མིའི་སྤྱི་ཆིངས་ནི་གྲོང་མིའི་གྲོས་ཚོགས་ཐོག་གྲོས་བསྡུར་གྱིས་གཏན་འབེབས་བྱས་ཏེ་ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱ་རྒྱུ། ལག་བསྟར་གྲོང་མིས་གྲོང་མིའི་གྲོས་ཚོགས་ཀྱི་གྲོས་ཆོད་དང་གྲོང་མིའི་སྤྱི་ཆིངས་ལ་བརྩི་སྲུང་ཞུ་དགོས།

 

གྲོང་མིའི་སྤྱི་ཆིངས་ཀྱི་ནང་དོན་རྣམས་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་དང་འགལ་མི་ཆོག

 

དོན་ཚན་བཅུ་དྲུག་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་སྡོད་ཁུལ་དེ་གའི་སྤྱི་ཕན་བྱ་གཞག་ལ་མཁོ་བའི་འགྲོ་གྲོན་རྣམས་གྲོང་མིའི་གྲོས་ཚོགས་ཐོག་གྲོས་བསྡུར་གྱིས་ཐག་གཅོད་བྱས་ཐོག་རང་མོས་ཀྱི་རྩ་དོན་ལ་གཞིགས་ནས་གྲོང་མི་རྣམས་ལ་གྲབས་གསོག་བྱས་ཆོག་ལ། སྡོད་ཁུལ་དེ་གའི་ཕན་ཆ་ཐོབ་མཁན་སྡེ་ཚན་ནས་གྲབས་གསོག་བྱས་ཀྱང་ཆོག འོན་ཀྱང་ངེས་པར་དུ་ཕན་ཆ་ཐོབ་མཁན་སྡེ་ཚན་གྱི་མོས་མཐུན་འཐོབ་དགོས་པ་དང་། གཏོང་ཡོང་གི་རྩིས་ཁྲ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་གྲོང་མིའི་ལྟ་སྐུལ་དང་ལེན་ཞུ་དགོས།

 

དོན་ཚན་བཅུ་བདུན་པ། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་གྲོན་དངུལ་དང་དེའི་འབྱུང་ཁུངས། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འཚོ་བའི་ཁ་གསབ་གྲོན་དངུལ་གྱི་ཁྱབ་ཁོངས་དང་ཚད་གཞི། འབྱུང་ཁུངས་བཅས་ནི་ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་ནས་སྤྲོད་དགོས་པ་དང་། གྲོང་མིའི་གྲོས་ཚོགས་ཐོག་མོས་མཐུན་བྱུང་རྗེས་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་ཡོང་སྒོའི་ནང་ནས་ཁ་གསབ་འོས་འཚམ་བྱས་ཆོག

 

གྲོང་མིའི་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དེ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་གྱིས་ཐག་གཅོད་བྱ་རྒྱུ།

 

དོན་ཚན་བཅོ་བརྒྱད་པ། བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་ཕྲོགས་པའི་སྐྱེ་བོ་གྲོང་མིའི་ཚོ་ཆུང་དུ་འཇུག་དགོས་ཤིང་། གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོར་ལྟ་སྐུལ་དང་སློབ་གསོ་གཏོང་དགོས།

 

དོན་ཚན་བཅུ་དགུ་པ། ལས་ཁུངས་དང་ཚོགས་པ། དམག་དཔུང་། ཁེ་ལས་དང་བྱ་ལས་རྩ་འཛུགས་བཅས་གནས་ཡུལ་དེ་གའི་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་ཞུགས་མི་དགོས། འོན་ཀྱང་ས་གནས་དེ་གའི་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ལས་ཀར་རྒྱབ་སྐྱོར་བྱ་དགོས། ས་གནས་དེ་གའི་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་སྡེ་ཚན་དེ་དག་དང་འབྲེལ་བ་ཡོད་པའི་གནད་དོན་གྲོས་བསྡུར་བྱེད་སྐབས་ཁོ་ཚོ་ཚོགས་འདུར་ཞུགས་དགོས་པའི་སྐབས་སུ་ཁོ་ཚོས་འཐུས་མི་བཏང་ནས་དེར་ཞུགས་སུ་འཇུག་དགོས་པར་མ་ཟད། གྲོང་མིའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆོད་དོན་དང་གྲོང་མིའི་སྤྱི་ཆིངས་ལའང་བརྩི་སྲུང་བྱ་དགོས།

 

གོང་གསལ་ནང་གསེས་དོན་ཚན་ནང་འཁོད་སྡེ་ཚན་གྱི་ལས་བཟོ་པ་དང་དེའི་ཁྱིམ་མི་དང་། དམག་མི། དམག་འགྲོགས་ཁྱིམ་མི་བཅས་སྡོད་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་ཞུགས་རྒྱུ་དང་། དེའི་ཁྱིམ་མི་འདུས་སྡོད་བྱེད་ཁུལ་དུ་ལོགས་སུ་ནང་མིའི་ཨུ་ཡོན་ལྷན་ཁང་བཙུགས་ནས་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་དང་། ཆུས་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་དང་སྡེ་ཚན་དེ་གའི་སློབ་སྟོན་འོག་ལས་ཀ་བྱ་རྒྱུ། ནང་མིའི་ཨུ་ཡོན་ལྷན་ཁང་གི་ལས་ཀའི་འགྲོ་གྲོན་དང་ནང་མིའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འཚོ་བའི་ཁ་གསབ་གྲོན་དངུལ་དང་གཞུང་ལས་ཁང་ནི་ཁོངས་གཏོགས་སྡེ་ཚན་གྱིས་ཐག་གཅོད་རྒྱུ།

 

དོན་ཚན་ཉི་ཤུ་པ། གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་གྲོང་མིའི་ཨུ་ཡོན་ལྷན་ཁང་ངམ་དེའི་མངའ་འོག་ཨུ་ཡོན་ལྷན་ཁང་གིས་ལས་དོན་སྒྲུབ་རོགས་བྱེད་དགོས་ཚེ། གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་ངམ་དེའི་བཀོད་མངགས་ལས་ཁུངས་ཀྱིས་མོས་མཐུན་བྱ་དགོས་པ་མ་ཟད་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས། གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་གྲོང་མིའི་ཨུ་ཡོན་ལྷན་ཁང་དང་འབྲེལ་བ་ཡོད་པའི་མངའ་འོག་ཨུ་ཡོན་ལྷན་ཁང་ལ་བྱེད་སྒོའི་སློབ་སྟོན་བྱས་ཆོག

 

དོན་ཚན་ཉེར་གཅིག་པ། བཅའ་ཁྲིམས་འདི་ཞང་དང་མི་རིགས་ཞང་། གྲོང་བརྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གནས་ཡུལ་དུ་བཙུགས་པའི་གྲོང་མིའི་ཨུ་ཡོན་ལྷན་ཁང་ལ་སྤྱད་འཐུས།

 

དོན་ཚན་ཉེར་གཉིས་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདིར་གཞིགས་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག

 

དོན་ཚན་ཉེར་གསུམ་པ། བཅའ་ཁྲིམས་འདི་1990ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ། 1954ལོའི་ཟླ་12ཚེས་31ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱས་པའི་གྲོང་ཁྱེར་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་སྲོལ་ཡིག་དང་དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号