ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-12-02  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནུས་ཁུངས་གྲོན་ཆུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས།(2018ལོའི་དག་བཅོས་བྱས།)

 

ཁོངས་གཏོགས་ཀྱི་རིམ་པའི་རིགས་དབྱེ་བ རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་མཛོད།

ཁོངས་གཏོགས་ཀྱི་རིགས་དབྱེ་།

ཁོངས་གཏོགས་ས་ཁུལ ནུས་ཁུངས།

(ཁྱབ་བསྒྲགས་སྡེ་ཁག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

[ཁྱབ་བསྒྲགས་བྱས་པའི་ཡིག་ཆའི་ཨང་རྟགས]

[ཁྱབ་བསྒྲགས་བྱས་པའིདུད་ཚོད 2018-10-26

ནུས་ཐོན་དུས་ཚོད། 2018-10-26

ནུས་པ་ཤོར་བའི་དུས་ཚོད།

ནུས་པའི་གནས་ཚུལ། ནུས་ལྡན་།

 

བཅའ་ཁྲིམས་འདིའི་འཕོ་འགྱུར་གྱི་ལོ་རྒྱུས།

1. ནུས་པའི་འབྱུང་ཁུངས་གྲོན་ཆུང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།(1997ལོའི་ཟླ་11ཚེས་1ཉིན་ཁྱབ་བསྒྲགས་བྱས་པ་དང་1998ལོའི་ཟླ་1ཚེས་1ཉིན་ལག་བསྟར་བྱས།)

2. ཁྲིམས་སྲོལ་འདི་བཅའ་ཁྲིམས་ཁག་ཅིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》(2007ལོའི་ཟླ་10ཚེས་28ཉིན་དང་2008ལོའི་ཟླ་4ཚེས་1ཉིན་དག་བཅོས་བྱས།

3. ཁྲིམས་སྲོལ་འདི་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུས་རྒྱུ་གྲོན་ཆུང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་སོགས་བཅའ་ཁྲིམས་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་>>(2016ལོའི་ཟླ་7ཚེས་2ཉིན་ཁྱབ་བསྒྲགས་བྱས་པ་དང་2016ལོའི་ཟླ་7ཚེས་2ཉིན་ལག་བསྟར་བྱས་པ་)་ལ་བཟོ་བཅོས་བརྒྱབ་ཡོད།

4. ཁྲིམས་སྲོལ་འདི་《〈རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅོ་ལྔ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་(2018ལོའི་ཟླ་10ཚེས་26ཉིན་ཁྱབ་བསྒྲགས་བྱས་པ་དང་2018ལོའི་ཟླ་10ཚེས་26ཉིན་ལག་བསྟར་བྱས་པ་)གྱིས་བཟོ་བཅོས་བརྒྱབ་ཡོད།

 

དཀར་ཆག

ལེའུ་དང་པོ།   སྤྱིའི་རྩ་དོན།

ལེའུ་གཉིས་པ།   ནུས་ཁུངས་གྲོན་ཆུང་དོ་དམ།།

ལེའུ་གསུམ་པ།   ལུགས་མཐུན་གྱིས་ནུས་ཁུངས་བེད་སྤྱོད་དང་གྲོན་ཆུང་བྱེད་པ།།

ས་བཅད་དང་པོ།  སྤྱིར་བཏང་གི་གཏན་འབེབས།

 ས་བཅད་གཉིས་པ།  བཟོ་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད

 ས་བཅད་གསུམ་པ།  ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད

ས་བཅད་བཞི་པ།  འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་ཁུངས་གྲོན་ཆུང་།

 ས་བཅད་ལྔ་པ།  སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་གྲོན་ཆུང་།

ས་བཅད་དྲུག་པ།  ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་།

ལེའུ་བཞི་པ།  ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་ཡར་ཐོན་ཡོང་བ

ལེའུ་ལྔ་པ།  སྐུལ་ལྕག་གཏོང་ཐབས་སྐོར།

ལེའུ་དྲུག་པ།  ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

ལེའུ་བདུན་པ།  ཞར་བྱུང་དོན་ཚན།

 

ལེའུ་དང་པོ། སྤྱིའི་རྩ་དོན།

 

དོན་ཚན་དང་པོ།   སྤྱི་ཚོགས་ཡོངས་ནས་ནུས་པའི་འབྱུང་ཁུངས་གྲོན་ཆུང་བྱེད་པར་སྐུལ་འདེད་དང་།  ནུས་པའི་འབྱུང་ཁུངས་བེད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་བ།  ཁོར་ཡུག་ལ་སྲུང་སྐྱོང་དང་ལེགས་བཅོས།  དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་ཡོང་བར་སྐུལ་སྤེལ་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ།  བཅའ་ཁྲིམས་འདིར་ནུས་ཁུངས་ཞེས་པ་ནི་རྡོ་སོལ་དང་། རྡོ་སྣུམ།  རང་བྱུང་སོལ་རླངས།  སྐྱེ་དངོས་ཀྱི་ནུས་པ།  གློག་ཤུགས།  ཚ་ཤུགས་བཅས་དང་དེ་བཞིན་ཐད་ཀར་རམ་ཡང་ན་ལས་སྣོན་དང་བརྗེ་སྒྱུར་བྱས་པར་བརྟེན་ནས་ཐོབ་པའི་ནུས་ཁུངས་སྣ་ཚོགས་ལ་ཟེར།

 

དོན་ཚན་གསུམ་པ།  བཅའ་ཁྲིམས་འདིར་ནུས་ཁུངས་གྲོན་ཆུང་གཤམ་དུ་བསྡུས་མིང་སྟེ་ནུས་གྲོན་ཞེས་འབོད་རྒྱུཞེས་པ་ནི་ནུས་ཁུངས་སྤྱོད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  ལག་རྩལ་ཐོག་གོ་སྤྱོད་ཆོད་པ་དང་།  དཔལ་འབྱོར་ཐོག་ལུགས་མཐུན་ཡིན་པ།  དེ་བཞིན་ཁོར་ཡུག་དང་སྤྱི་ཚོགས་ཀྱིས་ཐེག་ཐུབ་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ།  ནུས་པའི་འབྱུང་ཁུངས་ཐོན་སྐྱེད་བྱེད་པ་ནས་འཛད་སྤྱོད་བྱེད་པའི་བར་གྱི་ལྷུ་ཚིགས་ཁག་ཏུ་ནུས་པའི་འབྱུང་ཁུངས་གྱི་ཟད་གྲོན་ཆུང་དུ་གཏོང་བ་དང་།  གྱོང་གུན་དང་སྦགས་བཙོག  དངོས་རིགས་གཏོང་འབུད་བྱེད་ཚད་ཉུང་དུ་གཏོང་བ།  འཕྲོ་བརླག་གཏོང་རིགས་བཀག་འགོག་བཅས་བྱས་ཏེ་ནུས་ཁུངས་ཕན་ནུས་ལྡན་ཞིང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པར་ཟེར།

 

དོན་ཚན་བཞི་པ།  ཐོན་ཁུངས་གྲོན་ཆུང་བྱེད་པ་ནི་རང་རྒྱལ་གྱི་རྩ་བའི་རྒྱལ་ཇུས་ཤིག་ཡིན།  རྒྱལ་ཁབ་ཀྱིས་གྲོན་ཆུང་དང་།  གསར་སྤེལ་མཉམ་སྤྱོད།  གྲོན་ཆུང་ཨང་དང་པོའི་ནུས་ཁུངས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད།

 

དོན་ཚན་ལྔ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་གྲོན་གྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ལོ་འཁོར་གྱི་འཆར་གཞིའི་ནང་འཇུག་དགོས་པ་མ་ཟད།  ནུས་གྲོན་བྱ་རྒྱུ་ནི་དུས་ཡུན་རིང་གི་ཆེད་དམིགས་འཆར་འགོད་དང་།  ལོ་འཁོར་གྱི་ནུས་གྲོན་ལ་འཆར་གཞི་བཟོ་འགོད་ལག་བསྟར་སྒྲིག་འཛུགས་བྱ་དགོས།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་ལོ་རེར་རིམ་པ་དེ་གའི་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ནུས་རྒྱུ་བསྲི་ཚགས་ལས་དོན་ཡར་ཞུ་བྱེད་དགོས།

 

དོན་ཚན་དྲུག་པ།  རྒྱལ་ཁབ་ཀྱིས་ནུས་གྲོན་གྱི་དམིགས་འབེན་འགན་འཁྲིའི་ལམ་ལུགས་དང་ནུས་གྲོན་གྱི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་ལག་བསྟར་བྱས་ཏེ།  ནུས་གྲོན་གྱི་དམིགས་འབེན་ལེགས་འགྲུབ་བྱས་ཚུལ་དེ་ས་གནས་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་ནང་དོན་དུ་བརྩི་རྒྱུ།  ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ལོ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ནུས་གྲོན་གྱི་དམིགས་ཚད་འགན་འཁྲི་བསྒྲུབས་ཚུལ་སྙན་སེང་ཞུ་དགོས།

 

དོན་ཚན་བདུན་པ།  རྒྱལ་ཁབ་ཀྱིས་ནུས་གྲོན་དང་ཁོར་ཡུག་སྲུང་སྐྱོང་ལ་ཕན་པའི་ཐོན་ལས་སྲིད་ཇུས་ལག་ལེན་བསྟར་ནས། ནུས་ཁུངས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ལས་རིགས་འཕེལ་རྒྱས་གཏོང་བར་ཚོད་འཛིན་བྱ་རྒྱུ་དང་།  ནུས་གྲོན་དང་ཁོར་ཡུག་སྲུང་སྐྱོང་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་།  ཞིང་ཆེན།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ནུས་གྲོན་བྱ་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་གྲུབ་ཚུལ་དང་།  ཁེ་ལས་གྲུབ་ཚུལ།  ཐོན་རྫས་གྲུབ་ཚུལ།  ནུས་ཁུངས་འཛད་སྤྱོད་གྲུབ་ཚུལ་བཅས་ལེགས་སྒྲིག་ལུགས་མཐུན་དང་།  ཁེ་ལས་ཀྱིས་སྡེ་ཚན་རེའི་ཐོན་རྫས་རིན་ཐང་གི་ནུས་པའི་ཟད་གྲོན་དང་སྡེ་ཚན་རེའི་ཐོན་རྫས་ཀྱི་ནུས་པའི་ཟད་གྲོན་ཆུང་དུ་གཏོང་བར་སྐུལ་འདེད།  རྗེས་ལུས་ཡིན་པའི་ཐོན་སྐྱེད་ནུས་ཤུགས་འདོར་བ།  ནུས་པའི་འབྱུང་ཁུངས་གསར་སྤེལ་དང་།  ལས་སྣོན།  བརྗེ་སྒྱུར།  སྐྱེལ་འདྲེན།  གསོག་འཇོག  མཁོ་སྤྲོད་བཅས་བྱེད་སྟངས་ལེགས་བཅོས་བཅས་བྱས་ནས་ནུས་ཁུངས་བེད་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་དགོས།  རྒྱལ་ཁབ་ཀྱིས་ནུས་ཁུངས་གསར་པ་དང་སླར་ཆགས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་གཟེངས་བསྟོད་དང་རྒྱབ་སྐྱོར་བྱ།

 

དོན་ཚན་བརྒྱད་པ།   རྒྱལ་ཁབ་ཀྱིས་ནུས་གྲོན་གྱི་ཚན་རིག་ལག་རྩལ་གྱི་ཞིབ་འཇུག་དང་།  གསར་སྤེལ།  དཔེ་སྟོན། ཁྱབ་གདལ་བཅས་ལ་རྒྱབ་སྐྱོར་དང་གཟེངས་བསྟོད་བྱས་ཏེ །  ནུས་གྲོན་ལག་རྩལ་གསར་སྤེལ་དང་ཡར་ཐོན་ལ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་ནུས་གྲོན་བྱེད་པ་དྲིལ་བསྒྲགས་དང་སློབ་གསོ་བཏང་སྟེ།  ནུས་གྲོན་གྱི་ཤེས་བྱ་དེ་རྒྱལ་དམངས་སློབ་གསོ་དང་གསོ་སྦྱོང་མ་ལག་ཁྲོད་དུ་འདུ་རུ་འཇུག་སྟེ།  ནུས་གྲོན་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་བཏང་ནས།  དམངས་ཡོངས་ཀྱི་ནུས་གྲོན་འདུ་ཤེས་ཤུགས་ཆེར་གཏོང་བ་དང་གྲོན་ཆུང་ཅན་གྱི་འཛད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་དགོས།

 

 

དོན་ཚན་དགུ་པ།   སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མས་ཁྲིམས་ལྟར་ནུས་གྲོན་བྱ་རྒྱུའི་འོས་འགན་བསྒྲུབ་དགོས་པ་དང་།  ནུས་ཁུངས་འཕྲོ་བརླག་གཏོང་བའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཡོད།  གསར་འགྱུར་སྨྱན་སྦྱོར་གྱིས་ནུས་ཁུངས་གྲོན་ཆུང་སྐོར་གྱི་བཅའ་ཁྲིམས་དང་།  ཁྲིམས་སྲོལ།  སྲིད་ཇུས་བཅས་དྲིལ་བསྒྲགས་བྱས་ནས་གླེང་ཕྱོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱ་དགོས།

 

དོན་ཚན་བཅུ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ནུས་གྲོན་བྱས་ཚུལ་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་ལས་ཀ་གཙོ་སྐྱོང་བྱེད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་ནུས་གྲོན་གྱི་ལྟ་སྐུལ་དོ་དམ་ལས་ཀ་སྒྲུབ་འགན་འཁུར་རྒྱུ་མ་ཟད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གི་མཛུབ་སྟོན་དང་ལེན་ཡང་བྱ་རྒྱུ།

 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ནུས་གྲོན་གྱི་ལས་དོན་ལ་་དོ་དམ་བྱེད་པའི་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནུས་གྲོན་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནུས་གྲོན་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ་མ་ཟད།  རིམ་པ་གཅིག་མཚུངས་ཀྱི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གི་ཁྲིད་སྟོན་དང་ལེན་ཡང་བྱ་རྒྱུ།

 

ལེའུ་གཉིས་པ། ནུས་གྲོན་དོ་དམ།

 

དོན་ཚན་བཅུ་གཅིག་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་པའི་འབྱུང་ཁུངས་གྲོན་ཆུང་བྱེད་པའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  ནུས་གྲོན་ལས་ཀ་བཀོད་སྒྲིག་དང་།  མཐུན་སྦྱོར།  ལྟ་སྐུལ།  ཞིབ་བཤེར།  སྐུལ་འདེད་བཅས་བྱ་དགོས།

 

དོན་ཚན་བཅུ་གཉིས་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ནུས་གྲོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།  ནུས་ཁུངས་གྲོན་ཆུང་གི་ཚད་གཞི་ལག་བསྟར་བྱས་ཚུལ་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་ལྟར་ཁྲིམས་འགལ་གྱིས་ནུས་ཁུངས་སྤྱོད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱ་དགོས།   ནུས་གྲོན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྒྲུབ་སྐབས་ལྟ་སྐུལ་དོ་དམ་བྱ་ཡུལ་ནས་གྲོན་དངུལ་བསྡུས་མི་ཆོག

 

དོན་ཚན་བཅུ་གསུམ་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་གཞི་ཅན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་སྒྲིག་འཛུགས་བྱས་ནས་ནུས་གྲོན་སྐོར་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་བྱ་རྒྱུ་མ་ཟད་དུས་ཐོག་ཏུ་བཟོ་བཅོས་བྱས་ནས་ནུས་གྲོན་གྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཙན་ཐབས་ཀྱི་རང་བཞིན་ལྡན་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་།  སྒྲིག་ཆས་དང་ནུས་ཁུངས་སྤྱོད་པའི་ལས་ཆོད་ཀྱི་ཚད་གཞི། ཐོན་སྐྱེད་བྱེད་རིང་ནུས་ཁུངས་ཟད་གྲོན་ཆེ་བའི་ཐོན་རྫས་བཅས་ཀྱི་རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་གྱི་བཅད་གྲངས་ཚད་གཞི་གཏན་འབེབས་བྱ་རྒྱུ།  ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལས་ནན་པའི་ཁེ་ལས་ཀྱི་ནུས་གྲོན་གྱི་ཚད་གཞི་གཏན་འབེབས་བྱེད་པར་རྒྱལ་ཁབ་ཀྱིས་གཟེངས་བསྟོད་བྱ།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་བཙན་ཐབས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལས་ནན་པའི་ས་གནས་ཀྱི་ནུས་གྲོན་གྱི་ཚད་གཞི་གཏན་འབེབས་བྱས་ན།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས་པ་དང་། བཅའ་ཁྲིམས་འདིར་ལོགས་སུ་གཏན་འབེབས་བྱས་རིགས་འདིའི་ཁོངས་སུ་མི་གཏོགས།

 

དོན་ཚན་བཅུ་བཞི་པ།  ཨར་ལས་ཀྱི་ནུས་གྲོན་བྱ་རྒྱུའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་གཏན་འབེབས་བྱ་རྒྱུ་མ་ཟད།  ཁྲིམས་བཀོད་གོ་རིམ་ལྟར་ཡོངས་བསྒྲགས་ཀྱང་བྱ་རྒྱུ།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་ལས་ནན་པའི་ས་གནས་ཀྱི་ཨར་ལས་ཀྱི་ནུས་གྲོན་ཚད་གཞི་གཏན་འབེབས་བྱས་ཆོག་པ་མ་ཟད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་ལྡན་ཅན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

 

དོན་ཚན་བཅོ་ལྔ་པ།  རྒྱལ་ཁབ་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་རྣམ་གྲངས་ཀྱི་ནུས་གྲོན་དཔྱད་དཔོག་དང་ཞིབ་བཤེར་ལམ་ལུགས་ལག་ལེན་བསྟར་རྒྱུ།  བཙན་ཐབས་རང་བཞིན་གྱི་ནུས་གྲོན་གྱི་ཚད་གཞི་དང་མི་མཐུན་པའི་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་གྱིས་འཛུགས་སྐྲུན་ལས་འགོ་བརྩམས་མི་ཆོག  བསྐྲུན་ཟིན་རིགས་ཐོན་སྐྱེད་དང་བེད་སྤྱོད་བྱེད་འགོ་བཙུགས་མི་ཆོག   སྲིད་གཞུང་གི་མ་དངུལ་འཇོག་པའི་རྣམ་གྲངས་དེ་བཙན་ཐབས་རང་བཞིན་གྱི་ནུས་གྲོན་གྱི་ཚད་གཞི་དང་མི་མཐུན་པའི་རིགས་ལ།  ཁྲིམས་ལྟར་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་འགན་འཁུར་བའི་ལས་ཁུངས་ཀྱིས་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་བཀོད་མི་ཆོག  བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།

 

དོན་ཚན་བཅུ་དྲུག་པ།   རྒྱལ་ཁབ་ཀྱིས་རྗེས་ལུས་ཐེབས་པའི་ནུས་པའི་ཟད་གྲོན་ཆེ་དྲགས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་།  སྒྲིག་ཆས། ཐོན་སྐྱེད་བཟོ་རྩལ་བཅས་དོར་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ།  དོར་བའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་།  སྒྲིག་ཆས།   ཐོན་སྐྱེད་བཟོ་རྩལ་བཅས་ཀྱི་དཀར་ཆག་དང་ལག་བསྟར་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ་མ་ཟད་སྤྱི་བསྒྲགས་ཀྱང་བྱ་རྒྱུ།  ཐོན་སྐྱེད་བྱེད་རིང་ནུས་པའི་ཟད་གྲོན་ཆེ་བའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་སྡེ་ཚན་གྱིས་སྡེ་ཚན་རེའི་ཐོན་རྫས་ཀྱི་ནུས་པའི་ཟད་གྲོན་གྱི་བཅད་གྲངས་ཚད་གཞི་ལག་ལེན་བསྟར་དགོས།  སྡེ་ཚན་རེའི་ཐོན་རྫས་ཀྱི་ནུས་པའི་ཟད་གྲོན་གྱི་ཚད་བཀག་བཅད་གྲངས་ཀྱི་ཚད་གཞི་ལས་བརྒལ་ནས་ནུས་ཁུངས་སྤྱོད་པའི་ཐོན་སྐྱེད་སྡེ་ཚན་ལ་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་དུས་བཀག་ནང་བཅོས་སྐྱོང་བྱེད་འགན་དཀྲི་རྒྱུ།  ནུས་ཁུངས་ཟད་གྲོན་ཆེ་བའི་དམིགས་བསལ་སྒྲིག་ཆས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་ནུས་གྲོན་ལ་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱ་དགོས།

 

དོན་ཚན་བཅུ་བདུན་པ།  རྒྱལ་ཁབ་ཀྱིས་བཀའ་ཁྱབ་གསལ་པོ་བསྒྲགས་ནས་མེད་པ་བཟོ་བའམ་བཙན་ཐབས་རང་བཞིན་གྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་ཀྱི་ཚད་གཞི་དང་མི་མཐུན་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས།  ཐོན་སྐྱེད་དང་།  ནང་འདྲེན།  བྲིན་འཚོང་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ་དང་།  རྒྱལ་ཁབ་ཀྱིས་བཀའ་ཁྱབ་གསལ་པོ་བསྒྲགས་ནས་མེད་པ་བཟོས་པའི་ནུས་ཁུངས་སྤྱོད་པའི་སྒྲིག་ཆས་དང་ཐོན་སྐྱེད་བཟོ་རྩལ་སྤྱོད་པར་བཀག་སྡོམ་བྱ་རྒྱུ།

 

དོན་ཚན་བཅོ་བརྒྱད་པ།  རྒྱལ་ཁབ་ཀྱིས་ཁྱིམ་སྤྱོད་གློག་ཆས་སོགས་སྤྱོད་ཁྱོན་ཆེ་བ་དང་ནུས་ཁུངས་ཟད་གྲོན་ཆེ་བའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་ལ་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་ཀྱི་དོ་དམ་བྱེད་རྒྱུ་ལག་བསྟར་བྱ་རྒྱུ།  ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་ཀྱི་དོ་དམ་བྱེད་རྒྱུ་ལག་བསྟར་བྱ་རྒྱུའི་ཐོན་རྫས་ཀྱི་དཀར་ཆག་དང་ལག་བསྟར་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ་མ་ཟད་སྤྱི་བསྒྲགས་ཀྱང་བྱ་རྒྱུ།

 

དོན་ཚན་བཅུ་དགུ་པ།  ཐོན་སྐྱེད་བྱེད་མཁན་དང་ནང་འདྲེན་ཚོང་པས་རྒྱལ་ཁབ་ཀྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་ཀྱི་དོ་དམ་ཐོན་རྫས་ཀྱི་དཀར་ཆག་ནང་བཀོད་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་ལ་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་འགོད་དགོས་པ་དང་།  ཐོན་རྫས་ཀྱི་ཐུམ་སྒྲིལ་དངོས་པོའི་ཐོག་གམ་གསལ་བཤད་ཡི་གེ་ནང་དུའང་འགོད་དགོས།ད་དུང་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་ཐུན་མོང་དུ་དབང་ཆ་བསྐུར་བའི་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།  ཐོན་སྐྱེད་བྱེད་མཁན་དང་ནང་འདྲེན་ཚོང་པས་རང་གིས་བཀོད་པའི་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་དང་འབྲེལ་ཡོད་ཆ་འཕྲིན་གྱི་གནད་འཁེལ་རང་བཞིན་ལ་འགན་འཁུར་དགོས།   ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་གསལ་པོར་འགོད་དགོས་ཀྱང་བཀོད་མེད་པའི་ཐོན་རྫས་བྲིན་འཚོང་བྱས་མི་ཆོག  ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་རྫུན་བཟོ་དང་།  རྫུན་སྤྱོད་བྱེད་པའམ་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་བེད་སྤྱད་དེ་དྲིལ་བསྒྲགས་རྫུན་མ་བྱེད་རིགས་གཏན་འགོག་བྱ་རྒྱུ།

 

དོན་ཚན་ཉི་ཤུ་པ།   ནུས་ཁུངས་སྤྱོད་པའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་རང་མོས་ཀྱི་རྩ་དོན་ལ་གཞིགས་ནས་ནུས་གྲོན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱ་རྒྱུའི་སྐོར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁས་ལེན་བྱས་པའི་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་མཁན་སྒྲིག་གཞིར་ནུས་གྲོན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་རོགས་ཞུས་ཆོག་པ་དང་།  དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་ནས་ཚད་ལོན་རྗེས་ནུས་གྲོན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ལག་ཁྱེར་ཐོབ་ན།  ནུས་ཁུངས་སྤྱོད་པའི་ཐོན་རྫས་སམ་དེའི་ཐུམ་སྒྲིལ་དངོས་པོའི་ཐོག་ནུས་གྲོན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་སྤྱད་ཆོག

 

ནུས་གྲོན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་མཚོན་རྟགས་རྫུན་བཟོ་འམ་རྫུན་སྤྱོད་ཀྱི་རིགས་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས།

 

དོན་ཚན་ཉེར་གཅིག་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་བསྡོམས་རྩིས་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནུས་ཁུངས་བསྡོམས་རྩིས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  ནུས་ཁུངས་བསྡོམས་རྩིས་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་བ། ནུ ས་ཁུངས་བསྡོམས་རྩིས་བྱེད་ཐབས་ལེགས་བཅོས་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ནུས་ཁུངས་བསྡོམས་རྩིས་གཞི་གྲངས་བདེན་པ་དང་ཆ་ཚང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསྡོམས་རྩིས་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་དང་མཉམ་དུ་དུས་བཀག་ལྟར་སྤྱི་ཚོགས་ལ་ཞིང་ཆེན་ཁག་དང་།  རང་སྐྱོང་ལྗོངས་ཁག  ཐད་གཏོགས་གྲོང་ཁྱེར་ཁག་བཅས་དང་དེ་བཞིན་ནུས་ཁུངས་ཟད་གྲོན་ལས་རིགས་གཙོ་བོའི་ནུས་ཁུངས་འཛད་སྤྱོད་དང་ནུས་གྲོན་བྱས་ཚུལ་སོགས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་བྱ་དགོས།

 

དོན་ཚན་ཉེར་གཉིས་པ།  རྒྱལ་ཁབ་ཀྱིས་ནུས་གྲོན་ཞབས་ཞུའི་ལས་ཁུངས་འཕེལ་རྒྱས་གཏོང་བར་སྐུལ་མ་བྱ་རྒྱུ་དང་།  ནུས་གྲོན་ཞབས་ཞུའི་ལས་ཁུངས་གིས་ནུས་གྲོན་བློ་འདྲི་དང་།  ཇུས་འགོད།  དཔྱད་དཔོག  ཞིབ་དཔྱད་ཚད་ལེན། རྩིས་བཤེར།  ར་སྤྲོད་ངོས་འཛིན་སོགས་ཀྱི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ།

 

ནུས་གྲོན་གྱི་ཞབས་ཞུའི་ལས་ཁུངས་གིས་ནུས་གྲོན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ནུས་གྲོན་གྱི་ལག་རྩལ་གསོ་སྦྱོང་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་།  ནུས་གྲོན་གྱི་ཆ་འཕྲིན་དང་།  ནུས་གྲོན་གྱི་དཔེ་སྟོན།  སྤྱི་ཕན་གྱི་རང་བཞིན་ལྡན་པའི་ནུས་གྲོན་གྱི་ཞབས་ཞུ་གཞན་དག་བཅས་མཁོ་འདོན་བྱ་རྒྱུ།

 

དོན་ཚན་ཉེར་གསུམ་པ།   ལས་རིགས་མཐུན་ཚོགས་ཀྱིས་ལས་རིགས་ཀྱི་ནུས་གྲོན་འཆར་འགོད་དང་།  ནུས་གྲོན་ཚད་གཞི་གཏན་འབེབས་དང་ལག་བསྟར།   ནུས་གྲོན་ལག་རྩལ་ཁྱབ་གདལ།ནུས་ཁུངས་འཛད་སྤྱོད་བསྡོམས་རྩིས།  ནུས་གྲོན་དྲིལ་བསྒྲགས་གསོ་སྦྱོང་དང་ཆ་འཕྲིན་བློ་འདྲི་སོགས་ཀྱི་ཐད་ལ་ནུས་པ་འདོན་སྤེལ་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་བརྗོད་བྱ་རྒྱུ།

 

ལེའུ་གསུམ་པ། ལུགས་མཐུན་གྱིས་ནུས་ཁུངས་བེད་སྤྱོད་དང་གྲོན་ཆུང་བྱེད་པ།།

 

ས་བཅད་དང་པོ།་སྤྱིར་བཏང་གི་གཏན་འབེབས།

 

དོན་ཚན་ཉེར་བཞི་པ།   ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་ལུགས་མཐུན་གྱི་ནུས་ཁུངས་སྤྱོད་པའི་རྩ་དོན་ལྟར་ནུས་ཁུངས་གྲོན་ཆུང་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  ནུས་ཁུངས་གྲོན་ཆུང་བྱེད་པའི་འཆར་གཞི་དང་ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་བྱེད་ཐབས་གཏན་འབེབས་བྱ་རྒྱུ་མ་ཟད་ལག་བསྟར་ཡང་བྱས་ནས་ནུས་ཁུངས་ཟད་གྲོན་ཆུང་དུ་གཏོང་དགོས།

 

དོན་ཚན་ཉེར་ལྔ་པ།   ནུས་ཁུངས་བེད་སྤྱོད་སྡེ་ཚན་གྱིས་ནུས་ཁུངས་གྲོན་ཆུང་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཙུགས་ནས་ནུས་ཁུངས་གྲོན་ཆུང་ལས་ཀར་གྲུབ་འབྲས་ཐོབ་པའི་ཐུན་མོང་དང་མི་སྒེར་ལ་བྱ་དགའ་སྤྲོད་དགོས།

 

དོན་ཚན་ཉེར་དྲུག་པ།   ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་དུས་བཀག་ལྟར་ནུས་ཁུངས་གྲོན་ཆུང་གི་སློབ་གསོ་དང་ལས་གནས་ཀྱི་ནུས་ཁུངས་གྲོན་ཆུང་གི་སྦྱོང་བརྡར་སྤེལ་དགོས།

 

དོན་ཚན་ཉེར་བདུན་པ།   ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་ནུས་ཁུངས་ཀྱི་ཚད་འཇལ་བྱ་བར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  གཏན་འབེབས་ལྟར་དཔྱད་ཞིབ་གཏན་འཁེལ་བྱས་ནས་ཚད་དང་མཐུན་པའི་ནུས་ཁུངས་ཀྱི་ཚད་འཇལ་ཡོ་བྱད་སྒྲིག་སྦྱོར་དང་བེད་སྤྱོད་བྱ་དགོས།

 

ནུས་ཁུངས་བེད་སྤྱོད་སྡེ་ཚན་གྱིས་ནུས་ཁུངས་འཛད་སྤྱོད་བསྡོམས་རྩིས་དང་ནུས་ཁུངས་བེད་སྤྱོད་བྱས་ཚུལ་ལ་དབྱེ་ཞིབ་བྱེད་པའི་ལམ་ལུགས་འཛུགས་དགོས་པ་དང་།  ནུས་ཁུངས་རིགས་ཁག་གི་འཛད་སྤྱོད་ལ་རིགས་དབྱེ་ཚད་འཇལ་དང་བསྡོམས་རྩིས་བྱ་དགོས་པ་མ་ཟད།  ནུས་ཁུངས་འཛད་སྤྱོད་བསྡོམས་རྩིས་ཀྱི་གཞི་གྲངས་བདེན་པ་དང་ཆ་ཚང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

 

དོན་ཚན་ཉེར་བརྒྱད་པ།  ནུས་ཁུངས་ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་གྱིས་སྡེ་ཚན་དེ་གའི་ལས་བཟོ་པར་རིན་དོད་མི་དགོས་པར་ནུས་ཁུངས་མཁོ་འདོན་བྱས་མི་ཆོག  སྡེ་ཚན་གང་ཞིག་གིས་ཀྱང་ནུས་ཁུངས་འཛད་སྤྱོད་བྱེད་པར་འགྲོ་གྲོན་འགན་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་མི་ཆོག

 

ས་བཅད་གཉིས་པ། བཟོ་ལས་ཀྱི་ནུས་ཁུངས་གྲོན་ཆུང་།

 

དོན་ཚན་ཉེར་དགུ་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན།  རང་སྐྱོང་ལྗོངས།  ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ནུས་ཁུངས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལེགས་འགྱུར་དང་བཀོད་སྒྲིག་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་བ་དང་།  ནུས་ཁུངས་གྲོན་ཆུང་བྱེད་པར་ཕན་པའི་ལས་རིགས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ།  ནུས་ཁུངས་སྤྱོད་པའི་གྲུབ་ཚུལ་དང་ཁེ་ལས་ཀྱི་བཀོད་པ་ལེགས་འགྱུར་བཅས་བྱ་དགོས།

 

དོན་ཚན་སུམ་ཅུ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གློག་ཤུགས་དང་།  ངར་ལྕགས།  མདོག་ལྡན་ལྕགས་རིགས།  ཨར་ལས་རྒྱུ་ཆ།   རྡོ་སྣུམ་ལས་སྣོན།  རྫས་འགྱུར་བཟོ་ལས།  རྡོ་སོལ་སོགས་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་གཙོ་བོའི་ནུས་ཁུངས་གྲོན་ཆུང་ལག་རྩལ་གྱི་སྲིད་ཇུས་གཏན་འབེབས་བྱས་ཏེ།  ཁེ་ལས་ཀྱི་ནུས་ཁུངས་གྲོན་ཆུང་ལག་རྩལ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས།

 

དོན་ཚན་སོ་གཅིག་པ།   རྒྱལ་ཁབ་ཀྱིས་བཟོ་ལས་དང་ཁེ་ལས་ཀྱིས་ལས་ཆོད་ཆེ་བ་དང་ནུས་ཁུངས་གྲོན་ཆུང་བྱེད་པའི་གློག་སྒུལ་འཕྲུལ་འཁོར།  ཁྲོ་ཐབ།  སྲེག་ཐབ།  རླུང་འཁོར།  གཤེར་འཐེན་འཕྲུལ་ཆས་རིགས་སོགས་ཀྱི་སྒྲིག་ཆས་སྤྱོད་པ་དང་།  ཚ་གློག་མཉམ་ཐོན་དང་།  ཚ་ནུས་དང་གནོན་ཤུགས་ལྷག་མ་བེད་སྤྱོད།  གཙང་བཟོས་རྡོ་སོལ་དང་དེ་བཞིན་སྔོན་ཐོན་གྱི་ནུས་ཁུངས་སྤྱོད་པའི་ལྟ་ཞིབ་ཚད་ལེན་དང་ཚོད་འཛིན་སོགས་ཀྱི་ལག་རྩལ་སྤྱོད་པར་གཟེངས་བསྟོད་བྱ་རྒྱུ།

 

དོན་ཚན་སོ་གཉིས་པ།   གློག་དྲའི་ཁེ་ལས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་གཏན་འབེབས་བྱས་པའི་ནུས་ཁུངས་གྲོན་ཆུང་གི་གློག་འདོན་བཀོད་གཏོང་དོ་དམ་གཏན་འབེབས་ལྟར།  བཀོད་སྒྲིག་དྭངས་གཙང་དང་།  ལས་ཆོད་ཆེ་བ།  གཏན་འཁེལ་དང་མཐུན་པའི་ཚ་གློག་ཐོན་སྦྲེལ།  ཚ་ནུས་དང་གནོན་ཤུགས་ལྷག་མ་བེད་སྤྱོད་པའི་གློག་འདོན་འཁོར་ཁང་དང་དེ་བཞིན་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་པའི་གཏན་འབེབས་དང་མཐུན་པའི་གློག་འདོན་འཕྲུལ་འཁོར་ཚན་པ་གཞན་དག་དང་གློག་དྲ་དྲ་སྦྲེལ་ཐོག་ནས་འཁོར་སྐྱོད་བྱ་རྒྱུའི་བཀོད་སྒྲིག་དང་དྲ་བར་འཛུད་པའི་གློག་རིན་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱ་རྒྱུ།

 

དོན་ཚན་སོ་གསུམ་པ།   རྒྱལ་ཁབ་ཀྱི་གཏན་འབེབས་དང་མི་མཐུན་པའི་རྡོ་སོལ་སྤྱོད་པའི་གློག་འདོན་འཕྲུལ་འཁོར་ཚན་པ་དང་།  འབར་སྣུམ་གློག་འདོན་འཕྲུལ་འཁོར་ཚན་པ།  རྡོ་སོལ་སྤྱོད་པའི་ཚ་གློག་འཕྲུལ་འཁོར་ཚན་པ་བཅས་གསར་འཛུགས་བྱེད་རིགས་གཏན་འགོག་བྱ་རྒྱུ།

 

ས་བཅད་གསུམ་པ། ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་།

 

དོན་ཚན་སོ་བཞི་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱ་བར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ།

 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱེད་པར་ལྟ་སྐུལ་དོ་དམ་གྱི་ལས་ཀ་བྱེད་འགན་འཁུར་རྒྱུ།

 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བྱ་རྒྱུའི་འཆར་འགོད་བཟོ་དགོས། ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་འཆར་གཞིའི་ནང་བཟོ་སྐྲུན་གྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་འཆར་གཞི་ཚུད་དགོས།

 

དོན་ཚན་སོ་ལྔ་པ།  བཟོ་སྐྲུན་ཨར་ལས་ཀྱི་འཛུགས་སྐྲུན་དང་། ཇུས་འགོད། ཨར་ལས་རྒྱག་པ། ལྟ་སྐུལ་དོ་དམ་སྡེ་ཚན་བཅས་ཀྱིས་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་ཚད་གཞི་བརྩི་སྲུང་བྱ་དགོས།

ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་གི་ཚད་གཞི་དང་མི་མཐུན་པའི་བཟོ་སྐྲུན་ཨར་ལས་ལ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ལས་འགོ་འཛུགས་རྒྱུའི་ཆོག་མཆན་བཀོད་མི་ཆོག ལས་འགོ་ཚུགས་ཟིན་རིགས་ལ་ཨར་ལས་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས། བསྐྲུན་ཟིན་རིགས་བྲིན་འཚོང་ངམ་བེད་སྤྱོད་བྱས་མི་ཆོག

 

འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་ཨར་ལས་ལ་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་ཚད་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

 

དོན་ཚན་སོ་དྲུག་པ།   ཁང་ས་གསར་སྤེལ་ཁེ་ལས་ཀྱིས་ཁང་པ་བྲིན་འཚོང་བྱེད་སྐབས་ཉོ་མཁན་ལ་བཙོངས་རྒྱུའི་ཁང་པའི་ནུས་ཁུངས་གྲོན་ཆུང་བྱ་ཐབས་དང་དྲོད་སྲུང་ལས་གྲྭའི་ཉམས་གསོའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་གསལ་སྟོན་བྱེད་རྒྱུ་དེ་ཁང་པ་ཉོ་ཚོང་གི་གན་རྒྱ་དང་།སྤུས་ཚད་འགན་ལེན་ཡི་གེ་བེད་སྤྱོད་གསལ་བཤད་ཡི་གེ་བཅས་ཀྱི་ནང་དུ་གསལ་པོར་འགོད་དགོས་པ་མ་ཟད།དེའི་བདེན་པ་དང་གནད་འཁེལ་རང་བཞིན་ལ་འགན་འཁུར་དགོས།

 

དོན་ཚན་སོ་བདུན་པ།  དྲོད་སྙོམ་ཆས་ཀྱིས་དྲོད་ལེན་པ་དང་འཁྱག་གཏོང་བྱས་པའི་སྤྱི་པའི་བཟོ་བཀོད་དག་ལ་ཁང་བའི་དྲོད་ཚད་ཚོད་འཛིན་ལམ་ལུགས་ལག་བསྟར་བྱ་དགོས།  བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

 

དོན་ཚན་སོ་བརྒྱད་པ།  རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་གཅིག་བསྡུས་ཀྱིས་ཚ་དྲོད་མཁོ་འདོན་བྱེད་པའི་བཟོ་བཀོད་ལ་གོ་རིམ་དབྱེ་ནས་ཚ་དྲོད་མཁོ་འདོན་བྱེད་པའི་དུད་ཁྱིམ་ལྟར་རྩིས་རྒྱག་རྒྱུ་དང་།  ཚ་དྲོད་སྤྱད་པའི་འགྲོ་གྲོན་བསྡུ་བའི་ལམ་ལུགས་ལག་ལེན་བསྟར་རྒྱུ།  གསར་དུ་སྐྲུན་པའི་བཟོ་སྐྲུན་ནམ་ད་ཡོད་བཟོ་བཀོད་ལ་ནུས་ཁུངས་གྲོན་ཆུང་གི་བསྒྱུར་བཀོད་བྱེད་པར་གཏན་འབེབས་ལྟར་ཚ་དྲོད་སྤྱོད་པའི་ཚད་འཇལ་སྒྲིག་ཆས་དང་།  ཁང་པའི་ནང་གི་དྲོད་ཚད་སྙོམས་སྒྲིག་བྱེད་པའི་སྒྲིག་ཆས།  ཚ་དྲོད་མཁོ་འདོན་བྱེད་པའི་མ་ལག་སྙོམས་སྒྲིག་སྟངས་འཛིན་བྱེད་པའི་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱ་དགོས།   བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།

 

དོན་ཚན་སོ་དགུ་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་གྲོང་ཁྱེར་གྱི་གློག་སྤྱོད་གྲོན་ཆུང་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  སྤྱི་སྤྱོད་སྒྲིག་བཀོད་དང་བཟོ་བཀོད་ཆེ་གྲས་ཀྱི་རྒྱན་སྤྲོས་རང་བཞིན་གྱི་མཛེས་ལྗོངས་གློག་སྒྲོན་གྱི་ནུས་པའི་ཟད་གྲོན་ཚོད་འཛིན་ནན་པོ་བྱ་དགོས།

 

དོན་ཚན་བཞི་བཅུ་པ།  རྒྱལ་ཁབ་ཀྱིས་གསར་སྐྲུན་ཨར་ལས་དང་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་བྱེད་པའི་ཁྲོད་གྱང་གཟུགས་རྒྱུ་ཆ་གསར་པ་སོགས་ནུས་ཁུངས་གྲོན་ཆུང་གི་ཨར་ལས་རྒྱུ་ཆ་དང་ནུས་ཁུངས་གྲོན་ཆུང་གི་སྒྲིག་ཆས་སྤྱོད་པ་དང་། ཉི་ནུས་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བེད་སྤྱོད་མ་ལག་སྒྲིག་སྦྱོར་དང་བེད་སྤྱོད་བྱེད་པར་གཟེངས་བསྟོད་བྱ་རྒྱུ།

 

ས་བཅད་བཞི་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་ཁུངས་གྲོན་ཆུང་།

 

དོན་ཚན་ཞེ་གཅིག་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་ལྟར་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་གི་འཆར་འགོད་སོ་སོར་གཏན་འབེབས་བྱ་རྒྱུ།

 

དོན་ཚན་ཞེ་གཉིས་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ཁྲིད་སྟོན་དང་སྐུལ་སྤེལ་བྱ་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ་ལེགས་སུ་གཏོང་རྒྱུ་དང་ནུས་ཁུངས་གྲོན་ཆུང་རིགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་རྒྱུ།

 

དོན་ཚན་ཞེ་གསུམ་པ།  རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྤྱི་པའི་འགྲིམ་འགྲུལ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་།  སྤྱི་པའི་འགྲིམ་འགྲུལ་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ།  སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།  སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་འགྲོ་སྐྱོད་བྱེད་པར་གཟེངས་བསྟོད་བྱ་དགོས་པ་དང་།  འཕྲུལ་སྒུལ་མིན་པའི་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་འགྲོ་སྐྱོད་བྱེད་པར་ཡང་གཟེངས་བསྟོད་བྱ་དགོས།

 

དོན་ཚན་ཞེ་བཞི་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་སྐྱོང་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་འཛུགས་དང་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་བགྲོད་ལམ་དང་།  ཆུ་ལམ།  མཁའ་ཐོག་སྐྱེལ་འདྲེན་བཅས་ཀྱི་ཁེ་ལས་ཀྱི་སྐྱེལ་འདྲེན་རྩ་འཛུགས་ཅན་དུ་འགྱུར་ཚད་དང་ལེགས་བསྡུས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བར་སྣེ་ཁྲིད་བྱས་ནས་ནུས་ཁུངས་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་དགོས།

 

དོན་ཚན་ཞེ་ལྔ་པ།  རྒྱལ་ཁབ་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཅན་གྱི་རླངས་འཁོར་དང་།སྦག་སྦག་འཁོར་ལོ།  ལྕགས་ལམ་གྱི་མེ་འཁོར་མགོ་དང་འཁོར་སྒྲོམ།  གྲུ་གཟིངས།  འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་གཞན་དག་བཅས་གསར་སྤེལ་དང་།  ཐོན་སྐྱེད།  བེད་སྤྱོད་བཅས་བྱེད་པར་གཟེངས་བསྟོད་བྱ་རྒྱུ་དང་།  འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་རྙིང་པ་བེད་མེད་དུ་གཏོང་བ་དང་གསར་སྒྱུར་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

 

རྒྱལ་ཁབ་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཀྱིས་བེད་སྤྱོད་བྱེད་པའི་འབར་རྫས་གཙང་མ་དང་རྡོ་སྣུམ་གྱིས་འབར་རྫས་ཀྱི་ཚབ་བྱེད་པ་གསར་སྤེལ་དང་རྒྱ་ཆེར་བཀོལ་སྤྱོད་བྱེད་པར་གཟེངས་བསྟོད་དང་སྐུལ་མ་འདེབས་རྒྱུ།

 

དོན་ཚན་ཞེ་དྲུག་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཁོར་རིགས་དང་གྲུ་གཟིངས་ཀྱི་འབར་རྫས་ཟད་གྲོན་འགྲོ་ཚད་ཚོད་འཛིན་བྱེད་པའི་ཚད་གཞི་གཏན་འབེབས་བྱ་རྒྱུ་དང་།  ཚད་གཞི་དང་མི་མཐུན་པའི་རིགས་སྐྱེལ་འདྲེན་བྱེད་པར་སྤྱད་མི་ཆོག

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྐྱེལ་འདྲེན་རླངས་འཁོར་དང་གྲུ་གཟིངས་ཀྱི་འབར་རྫས་ཟད་གྲོན་འགྲོ་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

 

ས་བཅད་ལྔ་པ། སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་གྲོན་ཆུང་།

 

དོན་ཚན་ཞེ་བདུན་པ།  སྤྱི་པའི་སྒྲིག་གཞིས་གྲོན་ཆུང་ནན་ཏན་བྱས་ནས་ཆུད་ཟོས་གཏན་འགོག་དང་།  ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་དང་སྒྲིག་ཆས་བཀོལ་སྤྱོད་བྱེད་པའི་སྣེ་ཁྲིད་དེ་ནུས་ཁུངས་བེད་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས།

 

བཅའ་ཁྲིམས་འདིར་འཁོད་པའི་སྤྱིའི་སྒྲིག་གཞི་ཞེས་པ་ནི་ནོར་སྲིད་ཀྱི་རང་བཞིན་ལྡན་པའི་མ་དངུལ་ཆ་ཚང་ངམ་ཆ་ཤས་སྤྱོད་པའི་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་།  བྱ་ལས་སྡེ་ཚན།  ཚོགས་པའི་རྩ་འཛུགས་ལ་ཟེར།

 

དོན་ཚན་ཞེ་བརྒྱད་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ལས་ཁུངས་ཀྱིས་ལས་དོན་དོ་དམ་སྒྲིག་གཞིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རིམ་པ་དེ་གའི་སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་གྲོན་ཆུང་འཆར་འགོད་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ།  སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་གྲོན་ཆུང་འཆར་འགོད་ནང་སྤྱི་པའི་སྒྲིག་གཞིར་ཨར་ལས་ཀྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་འཆར་གཞི་ཡོད་པ་ཚུད་དགོས།

 

དོན་ཚན་ཞེ་དགུ་པ།  སྤྱི་པའི་སྡེ་ཚན་གྱིས་ལོ་འཁོར་གྱི་ནུས་རྒྱུ་བསྲི་ཚགས་དམིགས་ཚད་དང་ལག་བསྟར་ཇུས་གཞི་བཟོས་ནས་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་དང་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ལས་ཁུངས་ལས་དོན་དོ་དམ་བྱེད་མཁན་སྒྲིག་གཞིར་ལོ་འཁོར་གོང་མའི་ནུས་རྒྱུ་འཛད་སྤྱོད་བྱས་ཚུལ་གྱི་སྙན་ཞུ་འབུལ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ལས་ཁུངས་ཀྱི་ལས་དོན་དོ་དམ་སྒྲིག་གཞིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དོ་དམ་གྱི་དབང་ཚད་ལྟར་རིམ་པ་དེ་གའི་སྤྱི་པའི་སྒྲིག་གཞིའི་ནུས་ཁུངས་ཟད་གྲོན་གྱི་བཅད་གྲངས་གཏན་འབེབས་བྱ་རྒྱུ་དང་།  ནོར་སྲིད་སྡེ་ཁག་གིས་བཅད་གྲངས་དེར་གཞིགས་ནས་ནུས་ཁུངས་ཟད་གྲོན་གྱི་གཏོང་སྒོའི་ཚད་གཞི་གཏན་འབེབས་བྱ་རྒྱུ།

 

དོན་ཚན་ལྔ་བཅུ་པ།  སྤྱི་པའི་སྡེ་ཚན་གྱིས་སྡེ་ཚན་དེ་གའི་ནུས་ཁུངས་སྤྱོད་པའི་མ་ལག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཁུངས་སྤྱོད་པའི་མ་ལག་འཁོར་སྐྱོད་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་དང་མཐུན་པའི་འགན་ལེན་བྱ་དགོས།

 

སྤྱི་པའི་སྒྲིག་གཞིས་གཏན་འབེབས་ལྟར་ནུས་ཁུངས་རྩིས་བཤེར་བྱ་དགོས་པ་མ་ཟད།  ནུས་ཁུངས་རྩིས་བཤེར་བྱས་འབྲས་ལ་གཞིགས་ནས་ནུས་ཁུངས་སྤྱོད་པའི་ལས་ཆོད་ཆེ་རུ་གཏོང་བའི་བྱེད་ཐབས་ཀྱང་སྤྱོད་དགོས།

 

དོན་ཚན་ང་གཅིག་པ།  སྤྱི་པའི་སྒྲིག་གཞིས་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་སྐབས་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་དང་སྒྲིག་ཆས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོའི་ནང་བཀོད་པའི་ཐོན་རྫས་དང་སྒྲིག་ཆས་དམིགས་བསལ་གྱིས་སྔོན་ལ་ཉོ་སྒྲུབ་བྱ་དགོས། རྒྱལ་ཁབ་ཀྱིས་དོར་དགོས་པའི་བཀའ་ཁྱབ་གསལ་པོ་བསྒྲགས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་རིགས་བཀག་སྡོམ་བྱ་རྒྱུ།

 

ནུས་ཁུངས་གྲོན་ཆུང་ཐོན་རྫས་དང་སྒྲིག་ཆས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོ་ནི་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་རྒྱུ་མ་ཟད་སྤྱི་བསྒྲགས་ཀྱང་བྱ་རྒྱུ།

 

ས་བཅད་དྲུག་པ།་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་།

 

དོན་ཚན་ལྔ་གཉིས་པ།  རྒྱལ་ཁབ་ཀྱིས་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་བྱ་བར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

 

གཤམ་གསལ་གྱི་ནུས་ཁུངས་སྤྱོད་པའི་སྡེ་ཚན་ནི་ནུས་ཁུངས་སྤྱོད་པའི་སྡེ་ཚན་གཙོ་བོ་ཡིན།

གཅིག ལོ་རེར་ཕྱོགས་བསྡུས་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་གཅིག་ཡན་ཟིན་པའི་ནུས་ཁུངས་བེད་སྤྱོད་སྡེ་ཚན།

གཉིས རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གམ་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་དམིགས་འཛུགས་བྱས་པའི་ལོ་རེར་ཕྱོགས་བསྡུས་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ལྔ་སྟོང་ཡན་ནས་ཏུན་ཁྲི་གཅིག་མ་ཟིན་པའི་ནུས་ཁུངས་སྤྱོད་པའི་སྡེ་ཚན།

 

ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱི་ནུས་ཁུངས་གྲོན་ཆུང་བྱེད་པར་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་རྒྱུ།

 

དོན་ཚན་ལྔ་གསུམ་པ།  ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་ལོ་རེར་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་ལ་ལོ་གོང་མའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ་འབུལ་དགོས།  ནུས་ཁུངས་བེད་སྤྱོད་བྱས་ཚུལ་གྱི་ཁོངས་སུ་ནུས་ཁུངས་འཛད་སྤྱོད་བྱས་ཚུལ་དང་།ནུས་ཁུངས་བེད་སྤྱོད་པའི་ལས་ཆོད།  ནུས་ཁུངས་གྲོན་ཆུང་གི་དམིགས་འབེན་ལེགས་འགྲུབ་བྱས་ཚུལ།  ནུས་ཁུངས་གྲོན་ཆུང་གི་ཕན་འབྲས་དབྱེ་ཞིབ།  ནུས་ཁུངས་གྲོན་ཆུང་བྱེད་ཐབས་སོགས་ཀྱི་ནང་དོན་ཚུད་ཡོད།

 

དོན་ཚན་ལྔ་བཞི་པ།  ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་ཕུལ་བའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུར་ཞིབ་བཤེར་བྱ་དགོས།  ནུས་ཁུངས་གྲོན་ཆུང་བྱེད་པའི་དོ་དམ་ལམ་ལུགས་འཐུས་ཚང་མིན་པ་དང་།  ནུས་ཁུངས་གྲོན་ཆུང་བྱེད་ཐབས་དོན་འཁྱོལ་མི་བྱེད་པ།  ནུས་ཁུངས་སྤྱོད་པའི་ལས་ཆོད་ཆུང་བ་བཅས་ཀྱི་ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་ལ་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་ཡུལ་དངོས་སུ་བརྟག་དཔྱད་བྱ་རྒྱུ་དང་།  ནུས་ཁུངས་སྤྱོད་པའི་སྒྲིག་ཆས་ཀྱི་ནུས་ཁུངས་ལས་ཆོད་ཞིབ་དཔྱད་ཚད་ལེན་སྒྲིག་འཛུགས་དང་ལག་བསྟར་བྱས་ནས་ནུས་ཁུངས་རྩིས་བཤེར་བྱེད་དུ་འཇུག་རྒྱུ་མ་ཟད།  ཡིག་ཐོག་གི་དག་ཐེར་ཡོ་བསྲང་བླང་བྱ་འདོན་པ་དང་དུས་བཀག་ནང་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས།

 

དོན་ཚན་ལྔ་ལྔ་པ།  ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་ནུས་ཁུངས་དོ་དམ་ལས་གནས་འཛུགས་རྒྱུ་དང་།  ནུས་ཁུངས་གྲོན་ཆུང་གི་ཆེད་ལས་ཤེས་བྱ་དང་།  ཉམས་མྱོང་དངོས་དང་དེ་བཞིན་འབྲིང་རིམ་ཡན་གྱི་ལག་རྩལ་གོ་མིང་ཡོད་མཁན་བཅས་ཀྱི་ཁྲོད་ནས་ནུས་ཁུངས་དོ་དམ་འགན་འཁུར་བ་གདན་ཞུས་ལས་བསྐོས་བྱ་རྒྱུ་མ་ཟད།  ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

 

ནུས་ཁུངས་དོ་དམ་འགན་འཁུར་པས་སྡེ་ཚན་དེ་གའི་ནུས་ཁུངས་སྤྱོད་པའི་གནས་ཚུལ་ལ་དབྱེ་ཞིབ་དང་གདེང་འཇོག་བྱ་རྒྱུ་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་།  སྡེ་ཚན་དེ་གའི་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ། སྡེ་ཚན་དེ་གའི་ནུས་ཁུངས་གྲོན་ཆུང་ལས་ཀ་ལེགས་བཅོས་བྱེད་ཐབས་འདོན་རྒྱུ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་རྒྱུ།

 

 ནུས་ཁུངས་དོ་དམ་འགན་འཁུར་མི་སྣས་ནུས་ཁུངས་གྲོན་ཆུང་གི་གསོ་སྦྱོང་དང་ལེན་བྱ་དགོས།

 

ལེའུ་བཞི་པ།ནུས་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ་ཡར་ཐོན་ཡོང་བ།

 

དོན་ཚན་ལྔ་དྲུག་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རྩལ་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་ནུས་ཁུངས་གྲོན་ཆུང་ལག་རྩལ་སྲིད་ཇུས་ཀྱི་རྩ་གནད་ཁྱབ་བསྒྲགས་བྱ་རྒྱུ་དང་། ནུས་ཁུངས་གྲོན་ཆུང་ལག་རྩལ་ཞིབ་འཇུག་དང་།  གསར་སྤེལ།  ཁྱབ་སྤེལ་བེད་སྤྱོད་བཅས་ལ་མཛུབ་སྟོན་བྱ་རྒྱུ།

 

དོན་ཚན་ལྔ་བདུན་པ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་ཁུངས་གྲོན་ཆུང་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུ་དེ་སྲིད་གཞུང་གིས་ཚན་རྩལ་ལ་མ་དངུལ་འཇོག་པའི་གཙོ་གནད་ཁྱབ་ཁོངས་སུ་བརྩིས་ནས་ཚན་རིག་ཞིབ་འཇུག་སྡེ་ཚན་དང་ཁེ་ལས་ཀྱིས་ནུས་ཁུངས་གྲོན་ཆུང་ལག་རྩལ་བེད་སྤྱོད་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་དང་། ནུས་ཁུངས་གྲོན་ཆུང་གི་ཚད་གཞི་གཏན་འབེབས།  ནུས་ཁུངས་གྲོན་ཆུང་གི་ཐུན་མོང་རང་བཞིན་དང་འགག་རྩའི་ལག་རྩལ་གསར་སྤེལ་བཅས་བྱས་ནས་ནུས་ཁུངས་གྲོན་ཆུང་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

 

དོན་ཚན་ལྔ་བརྒྱད་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ནུས་ཁུངས་གྲོན་ཆུང་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཁྱབ་སྤེལ་དཀར་ཆག་གཏན་འབེབས་བྱས་པ་མ་ཟད་སྤྱི་བསྒྲགས་ཀྱང་བྱས་ཏེ།  ནུས་ཁུངས་བེད་སྤྱོད་སྡེ་ཚན་དང་མི་སྒེར་གྱིས་སྔོན་ཐོན་གྱི་ནུས་ཁུངས་གྲོན་ཆུང་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་ཐོན་རྫས་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱ་དགོས།

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་གྲོན་ཆུང་ལས་དོན་དོ་དམ་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ནུས་ཁུངས་གྲོན་ཆུང་གི་ཚན་རིག་ཞིབ་འཇུག་རྣམ་གྲངས་དང་།  ནུས་ཁུངས་གྲོན་ཆུང་གི་དཔེ་སྟོན་རྣམ་གྲངས།ནུས་ཁུངས་གྲོན་ཆུང་གི་ལས་གྲྭ་གཙོ་གནད་ཅན་བཅས་ལག་བསྟར་སྒྲིག་འཛུགས་བྱ་རྒྱུ།

 

དོན་ཚན་ལྔ་དགུ་པ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཡུལ་བབ་དང་བསྟུན་པ་དང་།  ནུས་པ་སྣ་མང་ཕན་ཚུན་གསབ་རེས།  ཕྱོགས་བསྡུས་བེད་སྤྱོད།  ཕན་འབྲས་ལ་དོ་སྣང་བཅས་བྱེད་པའི་རྩ་དོན་ལྟར་ཞིང་ལས་དང་གྲོང་གསེབ་ཀྱི་ནུས་ཁུངས་གྲོན་ཆུང་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ནུས་ཁུངས་གྲོན་ཆུང་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་ཐོན་རྫས་ཁྱབ་སྤེལ་དང་བེད་སྤྱོད་བྱ་རྒྱུར་མ་དངུལ་འཇོག་གྲངས་མང་དུ་གཏོང་དགོས།

 

ཞིང་ལས་དང་ཚན་རྩལ་སོགས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་ལས་སྣོན་དང་གསོག་འདྲེན་སོགས་ཀྱི་ཐད་ནུས་ཁུངས་གྲོན་ཆུང་གི་ལག་རྩལ་དང་ནུས་ཁུངས་གྲོན་ཆུང་གི་ཐོན་རྫས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་དང་ཁྱབ་སྤེལ་གཏོང་དགོས་པ་དང་།  ནུས་ཁུངས་ཟད་གྲོན་ཆེ་བའི་ཞིང་ལས་འཕྲུལ་ཆས་དང་ཉ་ལས་གྲུ་གཟིངས་གསར་སྒྱུར་དང་འདོར་བར་གཟེངས་བསྟོད་དང་སྐུལ་མ་བྱེད་དགོས།

 

རྒྱལ་ཁབ་ཀྱིས་གྲོང་གསེབ་ཏུ་རྫབ་རླངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།  སྐྱེ་དངོས་ཀྱི་གཤིས་ནུས་དང་།  ཉི་ནུས།  རླུང་ནུས་སོགས་སླར་ཆགས་ཐུབ་པའི་ནུས་ཁུངས་བེད་སྤྱོད་བྱེད་པའི་ལག་རྩལ་ཁྱབ་སྤེལ་གཏོང་བ།  ཚན་རིག་དང་མཐུན་པར་འཆར་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བྱེད་པའི་རྩ་དོན་ལྟར་ཆུ་ཤུགས་གློག་འདོན་ཆུང་གྲས་འཕེལ་རྒྱས་གཏོང་བ་དང་།  ནུས་ཁུངས་གྲོན་ཆུང་རིགས་ཀྱི་གྲོང་གསེབ་ཀྱི་སྡོད་ཁང་དང་ཐབ་ཀ་སོགས་ཁྱབ་སྤེལ་གཏོང་བར་གཟེངས་བསྟོད་བྱ་རྒྱུ་དང་།  རྨོ་ཞིང་མིན་པའི་རིགས་སྤྱད་དེ་ནུས་ཁུངས་རྩི་ཤིང་འདེབས་འཛུགས་བྱེད་པར་སྐུལ་འདེད་བྱས་ཏེ་བུད་ཤིང་དང་སོལ་བ་ཐོན་སའི་ནགས་ཚལ་སོགས་ནུས་ཁུངས་ནགས་ཚལ་འཕེལ་རྒྱས་ཤུགས་ཆེར་གཏོང་དགོས།

 

ལེའུ་ལྔ་པ། སྐུལ་ལྕག་གཏོང་ཐབས་སྐོར།

 

དོན་ཚན་དྲུག་ཅུ་པ།   ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་རིམ་པའི་ས་གནས་ནོར་སྲིད་ཀྱིས་ནུས་གྲོན་གྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་ནུས་ཁུངས་གྲོན་ཆུང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་།  ནུས་གྲོན་ལག་རྩལ་དང་ཐོན་རྫས་ཀྱི་དཔེ་སྟོན་དང་ཁྱབ་སྤེལ།  ནུས་གྲོན་གྱི་གཙོ་གནད་ལས་གྲྭའི་ལག་བསྟར།  ནུས་གྲོན་གྱི་དྲིལ་བསྒྲགས་གསོ་སྦྱོང་། ཆ་འཕྲིན་ཞབས་ཞུ་དང་གཟེངས་བསྟོད་བྱ་དགའ་སྤྲོད་པ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ།

 

དོན་ཚན་རེ་གཅིག་པ།  རྒྱལ་ཁབ་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་ང་བརྒྱད་པའི་ནང་གཏན་འབེབས་བྱས་པའི་ཁྱབ་སྤེལ་དཀར་ཆག་ནང་བཀོད་པའི་ནུས་གྲོན་གྱི་ལག་རྩལ་དང་ནུས་གྲོན་གྱི་ཐོན་རྫས་ཐོན་སྐྱེད་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་དགོས་རིགས་ལ་ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱ་རྒྱུ།

 

རྒྱལ་ཁབ་ཀྱིས་ནོར་སྲིད་ནས་གསབ་དངུལ་སྤྲད་པ་བརྒྱུད་ནུས་གྲོན་གློག་སྒྲོན་ཡོ་བྱད་སོགས་ནུས་གྲོན་ཐོན་རྫས་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

 

དོན་ཚན་རེ་གཉིས་པ།   རྒྱལ་ཁབ་ཀྱིས་ནུས་ཁུངས་ཐོན་ཁུངས་གྲོན་ཆུང་བྱེད་པར་ཕན་པའི་ཁྲལ་བསྡུའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་།  ནུས་ཁུངས་དང་གཏེར་ཁའི་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ནུས་ཁུངས་ཐོན་ཁུངས་གྲོན་ཆུང་དང་དེའི་སྔོག་འདོན་དང་བེད་སྤྱོད་པའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ།

 

དོན་ཚན་རེ་གསུམ་པ།   རྒྱལ་ཁབ་ཀྱིས་ཁྲལ་བསྡུ་སོགས་ཀྱི་སྲིད་ཇུས་སྤྱད་དེ་སྔོན་ཐོན་གྱི་ནུས་གྲོན་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱེད་པར་སྐུལ་མ་བྱ་རྒྱུ་དང་།  ཐོན་སྐྱེད་བྱེད་རིང་ནུས་ཁུངས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པར་ཚོད་འཛིན་བྱ་རྒྱུ།

 

དོན་ཚན་རེ་བཞི་པ།  སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་ནུས་གྲོན་ཐོན་རྫས་དང་སྒྲིག་ཆས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོ་གཏན་འབེབས་བྱེད་སྐབས་ནུས་གྲོན་ཐོན་རྫས་ཀྱི་ར་སྤྲོད་དཔང་ཡིག་ཐོབ་པའི་ཐོན་རྫས་དང་སྒྲིག་ཆས་སྔོན་ལ་ནང་འཇུག་དགོས།

 

དོན་ཚན་རེ་ལྔ་པ།   རྒྱལ་ཁབ་ཀྱིས་དངུལ་རྩའི་སྒྲིག་གཞིས་ནུས་གྲོན་གྱི་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་ཆ་རྐྱེན་འཛོམས་པའི་ནུས་གྲོན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་།  ནུས་གྲོན་ཐོན་རྫས་ཐོན་སྐྱེད།  དེ་བཞིན་ནུས་གྲོན་ལག་རྩལ་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་གཟིགས་སྐྱོང་གི་དངུལ་བུན་གཏོང་དགོས།

 

སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ནུས་གྲོན་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་རྒྱལ་ཁབ་ཀྱིས་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ་ནུས་གྲོན་ལག་རྩལ་བསྒྱུར་བཀོད་མགྱོགས་སུ་གཏོང་རྒྱུ།

 

དོན་ཚན་རེ་དྲུག་པ།  རྒྱལ་ཁབ་ཀྱིས་ནུས་གྲོན་བྱེད་པར་ཕན་པའི་རིན་གོང་སྲིད་ཇུས་ལག་བསྟར་བྱས་ནས་ནུས་ཁུངས་སྤྱོད་པའི་སྡེ་ཚན་དང་མི་སྒེར་གྱིས་ནུས་གྲོན་བྱེད་པར་ཁྲིད་སྟོན་བྱ་རྒྱུ།

 

རྒྱལ་ཁབ་ཀྱིས་ནོར་ཁྲལ་དང་རིན་གོང་སོགས་ཀྱི་སྲིད་ཇུས་སྤྱད་དེ་གློག་ཤུགས་དགོས་མཁོའི་ཕྱོགས་ཀྱི་དོ་དམ་དང་། གན་འཇོག་ནུས་ཁུངས་དོ་དམ། ནུས་གྲོན་རང་མོས་ཀྱི་གྲོས་མཐུན་སོགས་ཀྱི་ནུས་གྲོན་བྱེད་ཐབས་རྒྱབ་སྐྱོར་དང་ཁྱབ་གདལ་དུ་གཏོང་རྒྱུ།

 

རྒྱལ་ཁབ་ཀྱིས་གློག་གཤོང་དུས་དབྱེ་ཅན་གྱི་གློག་རིན་དང་།  དུས་ཚིགས་ཀྱི་རང་བཞིན་ལྡན་པའི་གློག་རིན།  ཐེག་ཚད་བཅད་ཆོག་པའི་གློག་རིན་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་ནས ། གློག་ཤུགས་སྤྱོད་མཁན་གྱིས་གློག་སྤྱོད་ཐེག་ཚད་ལེགས་སྒྲིག་ལུགས་མཐུན་བྱེད་པར་སྐུལ་འདེབས་བྱ་རྒྱུ་དང་།  ངར་ལྕགས་དང་།  མདོག་ལྡན་ལྕགས་རིགས།  ཨར་ལས་རྒྱུ་ཆ། རྫས་འགྱུར་བཟོ་ལས་བཅས་དང་ནུས་པའི་ཟད་གྲོན་ཆེ་བའི་ལས་རིགས་གཙོ་བོ་གཞན་དག་གི་ཁེ་ལས་ལ་དོར་རྒྱུ་དང་།  ཚོད་འཛིན།  ཆོག་པ།  སྐུལ་ལྕག་བཅས་ཀྱི་རིགས་སུ་དབྱེ་ནས་ཁྱད་པར་ཡོད་པའི་གློག་རིན་སྲིད་ཇུས་ལག་ལེན་བསྟར་རྒྱུ།

 

དོན་ཚན་རེ་བདུན་པ།  མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནུས་གྲོན་དོ་དམ་དང་།  ནུས་གྲོན་ཚན་རིག་ལག་རྩལ་ཞིབ་འཇུག་དང་ཁྱབ་སྤེལ་བེད་སྤྱོད་བྱེད་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་དེ་བཞིན་ནུས་ཁུངས་ཆུད་ཟོས་ཚབས་ཆེན་བཏང་བའི་བྱ་སྤྱོད་ཐེར་འདོན་བྱེད་མཁན་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

 

ལེའུ་དྲུག་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

 

དོན་ཚན་རེ་བརྒྱད་པ།  སྲིད་གཞུང་གིས་མ་དངུལ་འཇོག་པའི་རྣམ་གྲངས་ལ་ཞིབ་མཆན་འགོད་འགན་འཁུར་མཁན་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བཙན་ཐབས་རང་བཞིན་གྱི་ནུས་གྲོན་གྱི་ཚད་གཞི་དང་མི་མཐུན་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཆོག་མཆན་བཀོད་ན། ཐད་ཀའི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

 

གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་གྱིས་ལས་འགོ་ཚུགས་ཏེ་བཙན་ཐབས་རང་བཞིན་གྱི་ནུས་གྲོན་གྱི་ཚད་གཞི་དང་མི་མཐུན་པའི་རྣམ་གྲངས་འཛུགས་སྐྲུན་བྱས་པའམ་རྣམ་གྲངས་དེ་ཐོན་སྐྱེད་དང་བེད་སྤྱོད་བྱེད་འགོ་བཙུགས་པ་ཡིན་ན།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་འཛུགས་སྐྲུན་བྱེད་མཚམས་འཇོག་པའམ་ཐོན་སྐྱེད་དང་བེད་སྤྱོད་བྱེད་མཚམས་འཇོག་འགན་དཀྲི་རྒྱུ་དང་།  དུས་བཀག་ལྟར་བསྒྱུར་བཀོད་བྱེད་དུ་འཇུག་རྒྱུ།  བསྒྱུར་བཀོད་བྱེད་མི་ཐུབ་པའམ་ཡང་ན་དུས་ལས་ཡོལ་ཡང་བསྒྱུར་བཀོད་མ་བྱས་པའི་ཐོན་སྐྱེད་རང་བཞིན་གྱི་རྣམ་གྲངས་ཡིན་ཕྱིན།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུའི་སྙན་ཞུ་འབུལ་རྒྱུ།

 

དོན་ཚན་རེ་དགུ་པ།  རྒྱལ་ཁབ་ཀྱིས་བཀའ་ཁྱབ་གསལ་པོ་བསྒྲགས་ནས་མེད་པ་བཟོས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཐོན་སྐྱེད་དང་།  ནང་འདྲེན།  བྲིན་འཚོང་བཅས་བྱས་པ་དང་།  ནུས་གྲོན་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་མཚོན་རྟགས་རྫུན་བཟོ་བྱས་ནས་སྤྱོད་པའམ་རྫུན་སྤྱོད་བྱས་པ་ཡིན་ན།  ཐོན་རྫས་ཀྱི་སྤུས་ཚད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམསཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

 

དོན་ཚན་བདུན་ཅུ་པ།  བཙན་ཐབས་རང་བཞིན་གྱི་ནུས་ཁུངས་སྤྱོད་པའི་ལས་ཆོད་ཀྱི་ཚད་གཞི་དང་མི་མཐུན་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཐོན་སྐྱེད་དང་།  ནང་འདྲེན།  བྲིན་འཚོང་བཅས་བྱས་ན།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐོན་སྐྱེད་དང་།  ནང་འདྲེན།  བྲིན་འཚོང་བཅས་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱིས་ཐོན་སྐྱེད་དང་།  ནང་འདྲེན།  བྲིན་འཚོང་བཅས་བྱས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་གཞུང་བཞེས་གཏོང་ལ།  ད་དུང་ཁྲིམས་འགལ་གྱི་ཐོབ་ཆའང་གཞུང་བཞེས་གཏོང་རྒྱུ་ཡིན་པ་མ་ཟད།  ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།  ཉེས་ཚབས་ཆེ་རིགས་ལ་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།

 

དོན་ཚན་དོན་གཅིག་པ།  རྒྱལ་ཁབ་ཀྱིས་དོར་བའི་བཀའ་ཡོངས་བསྒྲགས་བྱས་པའི་ནུས་ཁུངས་སྤྱོད་པའི་སྒྲིག་ཆས་སམ་ཐོན་སྐྱེད་བཟོ་རྩལ་བེད་སྤྱོད་བྱས་རིགས་ལ།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་བེད་སྤྱོད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་།  རྒྱལ་ཁབ་ཀྱིས་དོར་བའི་བཀའ་ཡོངས་བསྒྲགས་བྱས་པའི་ནུས་ཁུངས་སྤྱོད་པའི་སྒྲིག་ཆས་གཞུང་བཞེས་གཏོང་རྒྱུ།  ཉེས་ཚབས་ཆེ་རིགས་ལ་ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་བསམ་འཆར་བཏོན་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དབང་ཚད་ལྟར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་སྒོ་རྒྱག་ཏུ་འཇུག་རྒྱུའི་སྙན་ཞུ་ཕུལ་ཆོག

 

དོན་ཚན་དོན་གཉིས་པ།  ཐོན་སྐྱེད་སྡེ་ཚན་གྱིས་སྡེ་ཚན་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་གྱི་ཚད་བཀག་བཅད་གྲངས་ཀྱི་ཚད་གཞི་ལས་བརྒལ་ཏེ་ནུས་ཁུངས་སྤྱད་པར།  གནས་ཚུལ་ཚབས་ཆེན་ཡིན་ཞིང་།  དུས་བཀག་ནང་བཅོས་སྐྱོང་བྱེད་དུ་བཅུག་ཀྱང་དུས་བཀག་ལྟར་བཅོས་སྐྱོང་མི་བྱེད་པའམ་བཅོས་སྐྱོང་གི་བླང་བྱའི་ཚད་ལ་སླེབས་མེད་ན།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་བསམ་འཆར་བཏོན་ནས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་དབང་ཚད་ལྟར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུའམ་སྒོ་རྒྱག་ཏུ་འཇུག་རྒྱུའི་སྙན་ཞུ་ཕུལ་ཆོག

 

དོན་ཚན་དོན་གསུམ་པ།  བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་གསལ་པོར་འགོད་དགོས་ཀྱང་གསལ་པོར་བཀོད་མེད་ན།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྒོར་ཁྲི་གསུམ་ཡན་ནས་ཁྲི་ལྔ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།

 

བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་ཐོ་འགོད་བྱས་མེད་པའམ་ཡང་ན་ནུས་ཁུངས་སྤྱོད་པའི་ལས་ཆོད་མཚོན་རྟགས་གཏན་འབེབས་དང་མི་མཐུན་པའི་རིགས་ལ།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  དུས་ལས་ཡོལ་རུང་ཡོ་བསྲང་མ་བྱས་ན།  དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་སུམ་ཁྲི་མན་ཆད་གཅོད་རྒྱུ།

 

ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་རྫུན་བཟོ་དང་རྫུན་སྤྱོད་བྱས་པའམ་ནུས་ཁུངས་ཀྱི་ལས་ཆོད་མཚོན་རྟགས་སྤྱད་དེ་དྲིལ་བསྒྲགས་རྫུན་མ་བྱས་རིགས་ལ།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ཆིག་འབུམ་མན་ཆད་གཅོད་རྒྱུ།  ཉེས་ཚབས་ཆེ་རིགས་ལ་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ།

 

དོན་ཚན་དོན་བཞི་པ།  ནུས་ཁུངས་སྤྱོད་པའི་སྡེ་ཚན་གྱིས་གཏན་འབེབས་ལྟར་ནུས་ཁུངས་ཀྱི་ཚད་འཇལ་ཡོ་བྱད་སྒྲིག་སྦྱོར་དང་བེད་སྤྱོད་བྱས་མེད་ན།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། དུས་ལས་ཡོལ་རུང་ཡོ་བསྲང་མ་བྱས་ན།   དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་ཆད་གཅོད་རྒྱུ།

 

དོན་ཚན་དོན་ལྔ་པ།  ནུས་ཁུངས་བསྡོམས་རྩིས་དཔྱད་ཡིག་སྦས་སྐུང་དང་།  རྫུན་བཟོ།  གཡོ་བཅོས་བཅས་བྱེད་པའམ་ནུས་ཁུངས་བསྡོམས་རྩིས་གཞི་གྲངས་རྫུན་མ་སྒྲིག་བཟོ་བྱེད་པར་བསྡོམས་རྩིས་རྒྱག་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམསཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།

 

དོན་ཚན་དོན་དྲུག་པ།  ནུས་གྲོན་གྱི་བློ་འདྲི་དང་།  ཇུས་འགོད།  དཔྱད་དཔོ་གཞིབ་དཔྱད་ཚད་ལེན།   རྩིས་བཤེར།  དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་སོགས་ཀྱི་ཞབས་ཞུ་བྱེད་མཁན་ལས་ཁུངས་ཀྱིས་ཆ་འཕྲིན་རྫུན་མ་འདོན་སྤྲོད་བྱས་ན།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད།   སྒོར་ལྔ་ཁྲི་ཡན་ནས་ཆིག་འབུམ་མན་ཆད་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།

 

དོན་ཚན་དོན་བདུན་པ།  བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་རིན་དོད་མི་དགོས་པར་སྡེ་ཚན་དེའི་ལས་བཟོ་པར་ནུས་ཁུངས་འདོན་སྤྲོད་བྱེད་པའམ་ནུས་ཁུངས་འཛད་སྤྱོད་ཀྱི་འགྲོ་གྲོན་འགན་ལེན་ལམ་ལུགས་ལག་བསྟར་བྱས་རིགས་ལ།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེདཔའི་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན།  དངུལ་ཆད་སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་མན་ཆད་གཅོད་རྒྱུ།

 

དོན་ཚན་དོན་བརྒྱད་པ།   གློག་དྲའི་ཁེ་ལས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་གཏན་འབེབས་དང་མཐུན་པའི་ཚ་གློག་མཉམ་ཐོན་དང་ཚ་ནུས་ལྷག་མ་དང་གནོན་ཤུགས་ལྷག་མ་སྤྱད་དེ་གློག་འདོན་པའི་འཕྲུལ་འཁོར་ཚན་པ་དང་གློག་དྲ་མཉམ་སྦྲེལ་གྱིས་འཁོར་སྐྱོད་བཀོད་སྒྲིག་མ་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱི་དྲ་ཞུགས་གློག་རིན་སྐོར་གྱི་གཏན་འབེབས་ལག་བསྟར་མ་བྱས་ན།  རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  གློག་འདོན་ཁེ་ལས་ལ་དཔལ་འབྱོར་གྱི་གྱོང་གུན་བཟོས་པ་ཡིན་ན།  ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།

 

དོན་ཚན་དོན་དགུ་པ།  འཛུགས་སྐྲུན་སྡེ་ཚན་གྱིས་ཨར་ལས་ཀྱི་ནུས་གྲོན་གྱི་ཚད་གཞི་དང་འགལ་ན།  འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་།  སྒོར་ཉིས་འབུམ་ཡན་ནས་ལྔ་འབུམ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།

ཇུས་འགོད་སྡེ་ཚན་དང་།  ཨར་ལས་སྡེ་ཚན།  ལྟ་སྐུལ་དོ་དམ་སྡེ་ཚན་བཅས་ཀྱིས་ཨར་ལས་ཀྱི་ནུས་གྲོན་གྱི་ཚད་གཞི་དང་འགལ་ན།  འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  སྒོར་ཆིག་འབུམ་ཡན་ནས་ལྔ་འབུམ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།  ཉེས་ཚབས་ཆེ་རིགས་ལ་བློ་རིག་གི་ལག་ཁྱེར་སྤྲོད་མཁན་སྡེ་ཁག་གིས་བློ་རིག་གི་རིམ་པ་དམའ་རུ་གཏོང་རྒྱུའམ་ཡང་ན་བློ་རིག་གི་ལག་ཁྱེར་ཕྱིར་བསྡུ་རྒྱུ།  གྱོང་གུན་བཟོས་པ་ཡིན་ན།  ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།

 

དོན་ཚན་བརྒྱད་ཅུ་པ།  ས་ཁང་གསར་སྤེལ་ཁེ་ལས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ཁང་པ་བྲིན་འཚོང་བྱེད་སྐབས་ཉོ་མཁན་ལ་བཙོངས་པའི་ཁང་པའི་ནུས་གྲོན་བྱ་ཐབས་དང་དྲོད་སྲུང་ལས་གྲྭའི་ཉམས་གསོའི་དུས་ཚད་སོགས་ཀྱི་ཆ་འཕྲིན་གསལ་སྟོན་མ་བྱས་ན།  འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན་སྒོར་ཁྲི་གསུམ་ཡན་ནས་སྒོར་ཁྲི་ལྔ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ་དང་།   གོང་གསལ་ཆ་འཕྲིན་དྲིལ་བསྒྲགས་རྫུན་མ་བྱས་རིགས་ལ་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།  སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།

 

དོན་ཚན་གྱ་གཅིག་པ།   སྤྱི་པའི་སྒྲིག་གཞིས་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་སྐབས་ནུས་གྲོན་ཐོན་རྫས་དང་སྒྲིག་ཆས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་མིང་ཐོའི་ནང་བཀོད་པའི་ཐོན་རྫས་དང་སྒྲིག་ཆས་སྔོན་ལ་ཉོ་སྒྲུབ་མ་བྱས་པའམ་ཡང་ན་རྒྱལ་ཁབ་ཀྱིས་བཀའ་ཁྱབ་གསལ་པོ་བསྒྲགས་ནས་མེད་པ་བཟོས་པའི་ནུས་ཁུངས་སྤྱོད་པའི་ཐོན་རྫས་དང་སྒྲིག་ཆས་ཉོ་སྒྲུབ་བྱས་ན།   སྲིད་གཞུང་གི་ཉོ་སྒྲུབ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐ་ཚིག་བསྒྲག་རྒྱུ་དང་འབྲེལ་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག་པ་དང་།   ཐད་ཀའི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣ་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་འབྲེལ་བརྡ་ཁྱབ་ཀྱང་གཏོང་རྒྱུ།

 

དོན་ཚན་གྱ་གཉིས་པ།   ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ནུས་ཁུངས་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ་མ་ཕུལ་བའམ་སྙན་ཞུའི་ནང་དོན་དྲང་བདེན་མིན་པའི་རིགས་ལ།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།   དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན་དངུལ་ཆད་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་ཆད་གཅོད་རྒྱུ།

 

དོན་ཚན་གྱ་གསུམ་པ།   ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་རྒྱུ་མཚན་ལུགས་མཐུན་མེད་པར་བཅའ་ཁྲིམས་འདིའི་དོན་ཚན་ང་བཞི་པའི་གཏན་འབེབས་ཀྱི་དག་ཐེར་ཡོ་བསྲང་གི་བླང་བྱ་དང་ཡང་ན་དག་ཐེར་ཡོ་བསྲང་བྱས་པ་བླང་བྱ་དང་མཐུན་མེད་ན།   ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་ཆད་བར་གྱི་དངུལ་ཆད་གཅོད་རྒྱུ།

 

དོན་ཚན་གྱ་བཞི་པ།    ནུས་ཁུངས་སྤྱོད་པའི་གཙོ་གནད་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ནུས་ཁུངས་དོ་དམ་ལས་གནས་འཛུགས་པར་ནུས་ཁུངས་དོ་དམ་འགན་འཁུར་བ་གདན་ཞུས་ལས་བསྐོས་མ་བྱས་པར་མ་ཟད།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཡང་མ་ཞུས་པའི་རིགས་ལ།  ནུས་གྲོན་གྱི་ལས་དོན་ལ་དོ་དམ་བྱེད་པའི་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།   ཡོ་བསྲང་མི་བྱེད་པའི་རིགས་ལ་སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་གཅོད་རྒྱུ།

 

དོན་ཚན་གྱ་ལྔ་པ།   བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བྱས་ཉེས་སུ་གྲུབ་པར་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

 

དོན་ཚན་གྱ་དྲུག་པ།   རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ནུས་ཁུངས་གྲོན་ཆུང་དོ་དམ་ལས་ཀ་སྒྲུབ་རིང་འགན་དབང་གང་བྱུང་དུ་སྤྱོད་པ་དང་།  རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ།ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་།   ཉེས་ཚད་ལོན་མེད་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

 

 

ལེའུ་བདུན་པ། ཞར་བྱུང་དོན་ཚན།

 

དོན་ཚན་གྱ་བདུན་པ།    བཅའ་ཁྲིམས་འདི་2008ལོའི་ཟླ་4ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号