གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག

ཐོ་འགོད་དུས་ཚོད།:2020-12-02  

གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག

 

ཁོངས་གཏོགས་རིམ་པའི་རིགས།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་མཛོད།

རིགས་དབྱེ།མི་འབོར།  

རང་ཁོངས་ས་ཁུལ།

ཁྱབ་བསྒྲགས་སྡེ་ཁགརྒྱལ་སྲིད་སྤྱི་ཁྱབ་ཁང་།

ཁྱབ་བསྒྲགས་ཡིག་ཨང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་663པ།

ཁྱབ་བསྒྲགས་བྱས་པའི་དུས་ཚོད།2015-11-26

ནུས་ཐོན་གྱི་ཚེས་གྲངས།2016-01-01

ནུས་པ་ཉམས་པའི་ཚེས་གྲངས།

ཕན་ནུས་ཀྱི་གནས་ཚུལ།ནུས་པ་ལྡན་པ།

གནས་སྡོད་ལག་ཁྱེར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག2015ལོའི་ཟླ་10ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་109པའི་ཐོག་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱས་ཏེ་2016ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན།

ཙུང་ལི་ལི་ཁེ་ཆང་།

2015ལོའི་ཟླ་11ཚེས་26ཉིན།

 

དོན་ཚན་དང་པོ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་རྒྱུན་སྡོད་མི་འབོར་ཡོངས་ལ་ཁེབས་པར་སྟབས་བདེ་བཟོ་བ། སྤྱི་འབངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་སྲོལ་ཡིག་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། སྤྱི་འབངས་རྒྱུན་སྡོད་ཐེམ་ཐོ་གནས་ཡུལ་ནས་ཁ་བྲལ་ཏེ་གྲོང་ཁྱེར་གཞན་དུ་ལོ་ཕྱེད་ཡན་བསྡད་པ་དང་། ཁྲིམས་མཐུན་བརྟན་ལྷིང་ལས་ཞུགས་དང་། ཁྲིམས་མཐུན་བརྟན་ལྷིང་སྡོད་གནས། བསྟུད་མར་སློབ་སྦྱོང་བྱེད་པ་བཅས་ཀྱི་ཆ་རྐྱེན་གྲས་ཤིག་ཡོད་ཚེ་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་ཆོག

 

དོན་ཚན་གསུམ་པ། སྡོད་གནས་ལག་ཁྱེར་ནི་ལག་ཁྱེར་འཛིན་མཁན་གྱིས་གནས་སྡོད་བྱ་ཡུལ་དུ་སྡོད་པ་དང་རྒྱུན་སྡོད་མི་འབོར་ལ་བརྩིས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་ལོངས་སུ་སྤྱོད་པ། རྒྱུན་སྡོད་ཐེམ་ཐོ་ཐོ་འགོད་རེ་ཞུ་བྱེད་པ་བཅས་ཀྱི་དཔང་རྟགས་ཤིག་ཡིན།

 

དོན་ཚན་བཞི་པ། སྡོད་གནས་ལག་ཁྱེར་ཐོག་བཀོད་པའི་ནང་དོན་ལ་རུས་མིང་དང་། ཕོ་མོ། མི་རིགས། སྐྱེས་སྐར། སྤྱི་འབངས་ཐོབ་ཐང་མཚོན་བྱེད་ཀྱི་ཨང་གྲངས། རང་ཉིད་ཀྱི་འདྲ་པར། རྒྱུན་སྡོད་ཁྱིམ་ཐོ་ཡོད་སའི་སྡོད་གནས། གནས་སྡོད་བྱེད་སའི་སྡོད་གནས། ལག་ཁྱེར་བཅས་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་དང་ཆོག་མཆན་བཀོད་ནས་སྤྲད་པའི་ཚེས་གྲངས་བཅས་ཚུད་ཡོད།

 

དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གནས་སྡོད་ལག་ཁྱེར་ཡོད་མཁན་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་མཁོ་འདོན་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། སློབ་གསོ། སྤྱི་བདེ། དམངས་སྲིད། ཁྲིམས་འཛིན་སྲིད་འཛིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་སོ་སོའི་འགན་འཁྲི་གཞིར་བཟུང་ནས་གནས་སྡོད་ལག་ཁྱེར་ཡོད་མཁན་གྱི་ཁེ་དབང་འགན་སྲུང་དང་། ཞབས་ཞུ། དོ་དམ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

 

དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་གནས་སྡོད་ལག་ཁྱེར་ཡོད་མཁན་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་མཁོ་འདོན་བྱེད་རྒྱུའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་འཇུག་དགོས་པ་དང་། ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་མཁོ་འདོན་བྱེད་པའི་འགྲོ་གྲོན་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

 

དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་མི་འབོར་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ངལ་རྩོལ་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། ཁང་ཁོངས། ཡིད་རྟོན། འཕྲོད་བསྟེན་འཆར་བཙའ། གཉེན་སྒྲིག་སོགས་ཀྱི་ཆ་འཕྲིན་མ་ལག་དང་དེ་བཞིན་གནས་སྡོད་ལག་ཁྱེར་ཡོད་མཁན་གྱི་ཆ་འཕྲིན་འཚོལ་བསྡུ་དང་ཐོ་འགོད་ལས་དོན་ལ་རིགས་དབྱེ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་བར་དང་ས་ཁུལ་བར་གྱི་གནས་སྡོད་ལག་ཁྱེར་ཡོད་མཁན་གྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་འགན་བཅོལ་དང་སྡོད་ཁང་སྤྱི་གསོག་མ་དངུལ་སོགས་སྤོ་སྒྱུར་འབྲེལ་མཐུད་ལམ་ལུགས་ལ་སྐུལ་འདེད་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ཡོངས་ལ་ཁྱབ་རྒྱུར་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱས་པ་དང་། གནས་སྡོད་ལག་ཁྱེར་ཡོད་མཁན་སྡོད་གནས་སུ་འདུག་རྒྱུར་སྟབས་བདེ་སྐྲུན་དགོས།

 

དོན་ཚན་བརྒྱད་པ། སྤྱི་བདེ་ལས་ཁུངས་ཀྱིས་གནས་སྡོད་ལག་ཁྱེར་རེ་ཞུ་བདག་སྤྲོད་དང་། བཟོ་བ། སྤྲོད་པ། མཆན་འགོད་སོགས་ལག་ཁྱེར་དོ་དམ་བྱེད་འགན་འཁུར་རྒྱུ།

གྲོང་མིའི་ཨུ་ཡོན་ལྷན་ཁང་དང་། ཡུལ་མིའི་ཨུ་ཡོན་ལྷན་ཁང་། མི་བཀོལ་མཁན་སྡེ་ཚན། སློབ་སྦྱོང་བྱེད་བཞིན་པའི་སློབ་གྲྭ། དེ་བཞིན་སྡོད་ཁང་བོགས་མར་གཏོང་མཁན་བཅས་ཀྱིས་གནས་སྡོད་ལག་ཁྱེར་རེ་ཞུ་བདག་སྤྲོད་དང་གཏོང་སྤྲོད་སོགས་ཀྱི་ལས་ཀ་ལེགས་པར་སྒྲུབ་པར་རམ་འདེགས་བྱ་དགོས།

 

དོན་ཚན་དགུ་པ། སྡོད་གནས་ལག་ཁྱེར་རེ་ཞུ་བྱེད་སྐབས་གནས་སྡོད་བྱེད་སའི་སྤྱི་བདེ་མངགས་གཏོང་ཁང་ངམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པའི་སྡེ་ཁུལ་ཞབས་ཞུའི་ལས་ཁུངས་ལ་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། རང་ཉིད་ཀྱི་འདྲ་པར། དེ་བཞིན་གནས་སྡོད་བྱེད་སའི་སྡོད་གནས། ལས་ཞུགས། སློབ་གྲྭར་སློབ་སྦྱོང་བྱེད་པ་སོགས་ཀྱི་ངོ་སྤྲོད་དཔྱད་ཡིག་འབུལ་དགོས།

གནས་སྡོད་བྱེད་སའི་སྡོད་གནས་ཀྱི་དཔང་ཡིག་ལ་ཁང་པ་བོགས་གཏོང་གི་གན་རྒྱ་དང་། ཁང་པའི་ཐོན་དབང་གི་བདེན་དཔང་ཡིག་ཆ། ཁང་པ་ཉོ་བའི་གན་རྒྱའམ་ཡང་ན་ཁང་པ་བོགས་མར་གཏོང་མཁན་དང་། མི་བཀོལ་མཁན་སྡེ་ཚན། སློབ་སྦྱོང་བྱེད་པའི་སློབ་གྲྭས་བཏོན་པའི་ཞག་སྡོད་དཔང་ཡིག་སོགས་ཚུད་ཡོད། ལས་ཞུགས་དཔང་ཡིག་ནང་བཟོ་ཚོང་ལས་གཉེར་ལག་ཁྱེར་དང་། ངལ་རྩོལ་གན་རྒྱ། མི་བཀོལ་མཁན་སྡེ་ཚན་གྱིས་བཏོན་པའི་ངལ་རྩོལ་འབྲེལ་བའི་དཔང་ཡིག་གམ་ཡང་ན་ཁྲིམས་མཐུན་གཏན་འཇགས་ལས་ཞུགས་ཀྱི་བདེན་དཔང་བྱེད་ཐུབ་པའི་རྒྱུ་ཆ་གཞན་དག་སོགས་ཚུད་ཡོད། སློབ་གྲྭར་ཡོད་མུས་ཀྱི་དཔང་ཡིག་ནང་སློབ་མའི་ལག་ཁྱེར་དང་སློབ་སྦྱོང་བྱེད་པའི་སློབ་གྲྭས་བཏོན་པའི་མུ་མཐུད་དུ་ཀློག་ཐུབ་པ་བདེན་དཔང་བྱེད་ཐུབ་པའི་དཔྱད་ཡིག་གཞན་དག་སོགས་ཚུད་ཡོད།

ལོ་ན་བཅུ་དྲུག་མ་ལོན་པའི་ནར་མ་སོན་པའི་མི་དང་འགུལ་སྐྱོད་སྟབས་མི་བདེ་བའི་རྒན་འཁོགས། དབང་པོ་སྐྱོན་ཅན་སོགས་ལ་ཁོ་འཚོའི་ལྟ་སྐྱོང་བྱེད་མཁན་དང་གཉེན་ཉེས་ཚབ་བྱས་ནས་གནས་སྡོད་ལག་ཁྱེར་རེ་ཞུ་བྱེད་ཆོག ལྟ་སྐྱོང་བྱེད་མཁན་དང་གཉེན་ཉེ་ཡིས་ཚབ་སྒྲུབ་བྱས་ན། མངག་བཅོལ་བྱེད་མཁན་དང་ལས་ཚབ་བྱེད་མཁན་གྱི་ཁྲིམས་མཐུན་གོ་ཆོད་ཀྱི་ཐོབ་ཐང་ལག་ཁྱེར་འདོན་སྤྲོད་བྱ་དགོས།

རེ་འདུན་ཞུ་མཁན་དང་འབྲེལ་ཡོད་བདེན་དཔང་རྒྱུ་ཆ་འདོན་མཁན་གྱིས་དོན་ཚན་འདིས་གཏན་འབེབས་བྱས་པའི་བདེན་དཔང་རྒྱུ་ཆའི་བདེན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་འགན་འཁུར་དགོས།

རེ་ཞུའི་དཔྱད་ཡིག་ཆ་ཚང་མེད་ཚེ་སྤྱི་བདེ་མངགས་གཏོང་ཁང་ངམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པའི་སྡེ་ཁུལ་ཞབས་ཞུའི་ལས་ཁུངས་ཀྱིས་རེ་ཞུ་བྱེད་མཁན་ལ་ཁ་གསབ་བྱེད་དགོས་པའི་དཔྱད་ཡིག་ཐེངས་གཅིག་ལ་གསལ་བརྡ་གཏོང་དགོས།

གནས་སྡོད་ལག་ཁྱེར་གཉེར་བའི་ཆ་རྐྱེན་དང་མཐུན་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་ཚུན་དུ་གནས་སྡོད་ལག་ཁྱེར་བཟོ་སྤྲོད་བྱེད་དགོས་པ་དང་། ཐག་རིང་ལུང་ཁུག་ས་ཁུལ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ས་ཁུལ་ལམ་ཡང་ན་དམིགས་བསལ་གནས་ཚུལ་གྱི་རྐྱེན་གྱིས་དུས་བཀག་ལྟར་གནས་སྡོད་ལག་ཁྱེར་བཟོ་མི་ཐུབ་ཚེ་ཆུས་བཙུགས་ཡོད་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལག་བསྟར་བྱ་ཐབས་ནང་གནས་སྡོད་ལག་ཁྱེར་བཟོ་བ་དང་སྤྲོད་པའི་དུས་ཚད་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱེད་ཆོག་མོད། འོན་ཀྱང་ནར་འགྱངས་བྱས་རྗེས་རིང་ཤོས་ལ་ཉིན་སུམ་ཅུ་ལས་བརྒལ་མི་ཆོག

 

དོན་ཚན་བཅུ་པ། གནས་སྡོད་ལག་ཁྱེར་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་ནས་སྤྲོད་དགོས་པ་དང་། ལོ་རེར་མཆན་འགོད་ཐེངས་གཅིག་རེ་བྱེད་དགོས།

གནས་སྡོད་ལག་ཁྱེར་ཡོད་མཁན་གནས་སྡོད་བྱ་ཡུལ་དུ་བསྟུད་མར་འདུག་དགོས་ཚེ་གནས་སྡོད་ཀྱི་ལོ་གཅིག་མ་ཐིམ་གོང་གི་ཟླ་བ་གཅིག་གི་ནང་ཚུན་དུ་གནས་སྡོད་བྱེད་སའི་སྤྱི་བདེ་མངགས་གཏོང་ཁང་ངམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པའི་སྡེ་ཁུལ་ཞབས་ཞུའི་ལས་ཁུངས་སུ་ཕྱིན་ནས་མཆན་འགོད་འགྲོ་ལུགས་གཉེར་དགོས།

དུས་ལས་ཡོལ་ཡང་མཆན་འགོད་འགྲོ་ལུགས་སྒྲུབ་མེད་རིགས། གནས་སྡོད་ལག་ཁྱེར་གྱི་བཀོལ་སྤྱོད་བྱེད་ནུས་མཚམས་འཇོག་རྒྱུ། མཆན་འགོད་འགྲོ་ལུགས་གསབ་སྒྲུབ་བྱས་རིགས། གནས་སྡོད་ལག་ཁྱེར་གྱི་བཀོལ་སྤྱོད་བྱེད་ནུས་སླར་གསོ་བྱ་རྒྱུ་དང་། གནས་སྡོད་ལག་ཁྱེར་ཡོད་མཁན་གྱི་གནས་སྡོད་བྱེད་སའི་གནས་སྡོད་ལོ་ཚད་དེ་མཆན་འགོད་འགྲོ་ལུགས་གསབ་སྒྲུབ་བྱས་པའི་ཉིན་ནས་བཟུང་བསྟུད་མར་བརྩི་རྒྱུ།

 

དོན་ཚན་བཅུ་གཅིག་པ། སྡོད་གནས་ལག་ཁྱེར་ལ་སྐྱོན་ཆག་ཤོར་ནས་ངོས་འཛིན་བྱེད་དཀའ་བའམ་བོར་བརླག་སོང་ཚེ་གནས་སྡོད་ལག་ཁྱེར་ཡོད་མཁན་གྱིས་གནས་སྡོད་བྱེད་སའི་སྤྱི་བདེ་མངགས་གཏོང་ཁང་ངམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་མངགས་བཅོལ་བྱས་པའི་སྡེ་ཁུལ་ཞབས་ཞུའི་ལས་ཁུངས་སུ་བརྗེ་ལེན་དང་གསབ་ལེན་གྱི་འགྲོ་ལུགས་གཉེར་དགོས།

གནས་སྡོད་ལག་ཁྱེར་ཡོད་མཁན་གྱིས་ལག་ཁྱེར་གསར་པ་བརྗེ་ལེན་བྱེད་སྐབས་དེ་སྔའི་ལག་ཁྱེར་ཕྱིར་སྤྲོད་བྱེད་དགོས།

 

དོན་ཚན་བཅུ་གཉིས་པ། སྡོད་གནས་ལག་ཁྱེར་ཡོད་མཁན་གྱིས་གནས་སྡོད་བྱ་ཡུལ་དུ་ཁྲིམས་བཞིན་ངལ་རྩོལ་ལས་ཞུགས་བྱེད་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུ། སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་དང་། ལེན་པ། བེད་སྤྱོད་བཅས་བྱེད་པའི་དབང་ཆ་ཡོད། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་གནས་སྡོད་ལག་ཁྱེར་ཡོད་མཁན་ལ་གཤམ་གསལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

(གཅིག)འོས་འགན་སློབ་གསོ་དང་།

(གཉིས།)གཞི་རྩའི་སྤྱི་པའི་ལས་ཞུགས་ཞབས་ཞུ།

(གསུམ།)གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་འཆར་ལྡན་བུ་བཙའི་ཞབས་ཞུ།

(བཞི།)སྤྱི་པའི་རིག་གནས་ལུས་རྩལ་ཞབས་ཞུ།

(ལྔ།)བཅའ་ཁྲིམས་རོགས་སྐྱོར་དང་བཅའ་ཁྲིམས་ཞབས་ཞུ་གཞན་དག

(དྲུག)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་གཞན་དག་བཅས་ཡིན།

 

དོན་ཚན་བཅུ་གསུམ་པ། སྡོད་གནས་ལག་ཁྱེར་ཡོད་མཁན་གྱིས་གནས་སྡོད་བྱ་ཡུལ་དུ་གཤམ་གསལ་གྱི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ།

(གཅིག)རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་མཚམས་ནས་འགྲོ་འོང་བྱ་རྒྱུའི་ལག་ཁྱེར་བསྒྲུབ་རྒྱུ་དང་།

(གཉིས།)རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་དང་གསབ་ལེན་བྱ་རྒྱུ།

(གསུམ།)འཕྲུལ་སྒུལ་འཁོར་ལོ་ཐོ་འགོད་བྱ་རྒྱུ།

(བཞི།)འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་ཞུ་རྒྱུ།

(ལྔ།)ལས་རིགས་ཀྱི་ཐོབ་ཐང་རྒྱུགས་ལེན་དུ་ཞུགས་རྒྱུའི་མིང་ཐོ་འགོད་པ་དང་། ལས་རིགས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་རེ་འདུན་ཞུ་བ།

(དྲུག)བུ་བཙའི་ཞབས་ཞུའི་ཐོ་འགོད་དང་འཆར་ལྡན་བུ་བཙའི་དཔང་ཡིག་གཞན་དག་བསྒྲུབ་རྒྱུ།

(བདུན།)རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྟབས་བདེ་གཞན་དག་བཅས་ཡིན།

 

དོན་ཚན་བཅུ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་གནས་སྡོད་ལག་ཁྱེར་ཡོད་མཁན་ལ་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་མཁོ་འདོན་བྱེད་པའི་ཁྱབ་ཁོངས་རིམ་བཞིན་རྒྱ་སྐྱེད་གཏོང་བ་དང་། ཞབས་ཞུའི་ཚད་གཞི་མཐོ་རུ་གཏོང་དགོས་པ་མ་ཟད། གནས་སྡོད་ལག་ཁྱེར་ཡོད་མཁན་གྱིས་ལོངས་སུ་སྤྱོད་པའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེའི་ཁྱབ་ཁོངས་དུས་བཀག་ལྟར་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས།

 

དོན་ཚན་བཅོ་ལྔ་པ། སྡོད་གནས་ལག་ཁྱེར་ཡོད་མཁན་གྱིས་སྡོད་སའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་གཞིས་ཆགས་ཆ་རྐྱེན་དང་མཐུན་ཚེ་རང་ཉིད་ཀྱི་འདོད་བློ་གཞིར་བཟུང་སྟེ་རྒྱུན་སྡོད་ཐེམ་ཐོ་དེ་སྔའི་ཐེམ་ཐོ་གནས་ཡུལ་ནས་ སྡོད་སའི་གནས་སུ་གནས་སྤོ་བྱེད་ཆོག

 

དོན་ཚན་བཅུ་དྲུག་པ། སྡོད་སའི་མི་དམངས་སྲིད་གཞུང་གིས་གཤམ་གསལ་གཏན་འབེབས་གཞིར་བཟུང་སྟེ་གཞིས་ཆགས་ཆ་རྐྱེན་གཏན་འཁེལ་བྱེད་དགོས་པ་སྟེ།

(གཅིག)སྒྲིག་གཞི་ཚང་བའི་གྲོང་རྡལ་དང་གྲོང་ཁུལ་གྱི་མི་འབོར་འབུམ་ལྔ་མན་གྱི་གྲོང་ཁྱེར་ཆུང་གྲས་ཀྱི་གཞིས་ཆགས་ཆ་རྐྱེན་ནི་གྲོང་ཁྱེར་གྱི་གྲོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གནས་སའི་གྲོང་རྡལ་ལམ་ཡང་ན་སྒྲིག་གཞི་ཚང་བའི་གྲོང་རྡལ་གཞན་དག་ཏུ་ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས་ཡོད་པ་དེ་ཡིན།

(གཉིས།)གྲོང་ཁུལ་གྱི་མི་འབོར་འབུམ་ལྔ་ནས་ས་ཡ་གཅིག་བར་གྱི་འབྲིང་རིམ་གྲོང་ཁྱེར་དུ་གཞིས་ཆགས་ཆ་རྐྱེན་ནི་གྲོང་ཁྱེར་དུ་ཁྲིམས་མཐུན་བརྟན་ལྷིང་ལས་ཞུགས་ཡོད་པ་དང་ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས་ཡོད་པ་དང་ཆབས་གཅིག་ཏུ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་ལོ་ཚད་ངེས་ཅན་ཞིག་ཟིན་དགོས། དེའི་ནང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཀྱི་གནོན་ཤུགས་ཆུང་བའི་ས་གནས་ཀྱིས་སྒྲིག་གཞི་ཚང་བའི་གྲོང་རྡལ་དང་གྲོང་ཁྱེར་ཆུང་གྲས་ཀྱི་ཚད་གཞིར་གཞིགས་ནས་གཞིས་ཆགས་ཚད་བཀག་ཁྱོན་ཡོངས་ནས་ལྷོད་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་གནོན་ཤུགས་ཆེ་བའི་ས་ཆར་ཁྲིམས་མཐུན་བརྟན་ལྷིང་ལས་ཞུགས་ཀྱི་ཁྱབ་ཁོངས་དང་། ལོ་ཚད། ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས་ཀྱི་ཁྱབ་ཁོངས། ཆ་རྐྱེན་སོགས་ལ་གཏན་འབེབས་བྱེད་ཆོག་མོད། འོན་ཀྱང་ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས་ལ་སྡོད་ཁང་གི་རྒྱ་ཁྱོན་དང་དངུལ་གྲངས་སོགས་ཀྱི་བླང་བྱ་བཏོན་མི་ཆོག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ལོ་ཚད་ནང་ཞུགས་རྒྱུའི་བླང་བྱ་ལོ་གསུམ་ལས་བརྒལ་མི་ཆོག

(གསུམ།)གྲོང་ཁུལ་གྱི་མི་འབོར་ས་ཡ་གཅིག་ནས་ས་ཡ་ལྔ་བར་གྱི་གྲོང་ཁྱེར་ཆེན་པོར་གཞིས་ཆགས་རྒྱུའི་ཆ་རྐྱེན་ནི་གྲོང་ཁྱེར་དུ་ཁྲིམས་མཐུན་བརྟན་ལྷིང་ལས་ཞུགས་ཐུབ་པའི་ལོ་ཚད་ངེས་ཅན་ཞིག་ལ་སླེབས་པ་མ་ཟད་ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས་ཡོད་པ་དང་དུས་མཚུངས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལོ་ཚད་ངེས་ཅན་ཞིག་ལ་སླེབས་དགོས་མོད། འོན་ཀྱང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལོ་ཚད་ཀྱི་བླང་བྱ་ལོ་ལྔ་ལས་བརྒལ་མི་ཆོག དེའི་ནང་གྲོང་ཁུལ་གྱི་མི་འབོར་ས་ཡ་གསུམ་ནས་ས་ཡ་ལྔ་བར་གྱི་གྲོང་ཁྱེར་ཆེ་གྲས་ཀྱིས་ཁྲིམས་མཐུན་བརྟན་ལྷིང་ལས་ཞུགས་ཀྱི་ཁྱབ་ཁོངས་དང་། ལོ་ཚད། ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས་ཀྱི་ཁྱབ་ཁོངས། ཆ་རྐྱེན་སོགས་གཏན་འབེབས་བྱས་ཆོག་ལ། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆ་བསགས་གཞིས་ཆགས་ལམ་ལུགས་བཙུགས་ཆོག

(བཞི།)གྲོང་ཁུལ་གྱི་མི་འབོར་ས་ཡ་ལྔ་ཡན་ཟིན་པའི་གྲོང་ཁྱེར་ཆེ་ཤོས་དང་གྲོང་ཁྱེར་ཆེས་ཆེ་ཤོས་ཀྱིས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོར་གཞིགས་ཏེ་ཁྲིམས་མཐུན་བརྟན་ལྷིང་གི་ལས་ཞུགས་དང་ཁྲིམས་མཐུན་བརྟན་ལྷིང་གི་སྡོད་གནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལོ་ཚད། བསྟུད་མར་གནས་སྡོད་བྱེད་པའི་ལོ་ཚད་སོགས་དམིགས་ཚད་གཙོ་བོར་བྱས་ཏེ་ཆ་བསགས་གཞིས་ཆགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

 

དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ལས་ཀ་བྱེད་རིང་ཤེས་རྟོགས་བྱུང་བའི་གནས་སྡོད་ལག་ཁྱེར་ཡོད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་སྲུང་བྱེད་དགོས།

 

དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པ་དང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ།

(གཅིག)དཔང་ཡིག་རྫུན་མ་སྤྱད་དེ་གནས་སྡོད་ལག་ཁྱེར་གཡོ་ལེན་བྱེད་པ་དང་།

(གཉིས།)གནས་སྡོད་ལག་ཁྱེར་བོགས་མར་གཏོང་བ་དང་གཡར་བ། ནང་བཤུག་གཏོང་བ།

(གསུམ།)ཁྲིམས་འགལ་གྱིས་མི་གཞན་པའི་གནས་སྡོད་ལག་ཁྱེར་བཀག་ཉར་བྱས་པ་བཅས་ཡིན།

 

དོན་ཚན་བཅུ་དགུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་སྒོར་ཉིས་བརྒྱ་ཡན་ནས་སྒོར་སྟོང་གཅིག་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ།

(གཅིག)མི་གཞན་གྱི་གནས་སྡོད་ལག་ཁྱེར་རྫུས་སྤྱོད་བྱེད་པའམ་གཡོ་ལེན་བྱས་པའི་གནས་སྡོད་ལག་ཁྱེར་སྤྱོད་པ་དང་།

(གཉིས།)རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་གནས་སྡོད་ལག་ཁྱེར་ཉོ་སྒྲུབ་དང་། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པ།

རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་གནས་སྡོད་ལག་ཁྱེར་དང་གཡོ་ལེན་བྱས་པའི་གནས་སྡོད་ལག་ཁྱེར་དེ་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་ལེན་བྱེད་དགོས།

 

དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣར་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།

(གཅིག)སྡོད་གནས་ལག་ཁྱེར་རེ་ཞུ་བྱེད་པའི་ཆ་རྐྱེན་དང་མཐུན་ཡང་བདག་སྤྲོད་མི་བྱེད་པ་དང་གཏོང་སྤྲོད་མི་བྱེད་པ།

(གཉིས།)འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་གྲོན་དངུལ་བསྡུ་བ།

(གསུམ།)སྡོད་གནས་ལག་ཁྱེར་བཟོ་བ་དང་སྤྲོད་པའི་སྟབས་བདེ་སྤྱད་དེ་མི་གཞན་གྱི་རྒྱུ་ནོར་ལེན་པའམ་ཡང་ན་ཁེ་ཕན་གཞན་དག་རག་ཐབས་བྱེད་པ།

(བཞི།)ལས་ཀའི་ཁྲོད་ཤེས་རྟོགས་བྱུང་བའི་གནས་སྡོད་ལག་ཁྱེར་ཡོད་མཁན་མི་སྒེར་གྱི་ཆ་འཕྲིན་ཕྱིར་ཚོང་ངམ་ཡང་ན་ཁྲིམས་འགལ་ངང་མི་གཞན་ལ་མཁོ་འདོན་བྱེད་པ།

(ལྔ།)གནས་སྡོད་ལག་ཁྱེར་གྱི་ཆ་འཕྲིན་གཡོ་བཅོས་བྱས་པ།

 

དོན་ཚན་ཉེར་གཅིག་པ། ཐེངས་དང་པོར་གནས་སྡོད་ལག་ཁྱེར་རེ་ཞུ་བྱས་ན་ལག་ཁྱེར་གྱི་མ་གནས་གྲོན་དངུལ་མི་བསྡུ་པ་དང་། གནས་སྡོད་ལག་ཁྱེར་བརྗེ་ལེན་དང་གསབ་ལེན་བྱེད་སྐབས་ལག་ཁྱེར་གྱི་མ་གནས་གྲོན་དངུལ་སྤྲོད་དགོས། མཆན་འགོད་འགྲོ་ལུགས་འགྲིམ་པར་གྲོན་དངུལ་བསྡུ་ལེན་བྱས་མི་ཆོག

གྲོན་དངུལ་བསྡུ་ལེན་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་དང་། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

 

དོན་ཚན་ཉེར་གཉིས་པ། ཆུས་བཙུགས་ཡོད་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་གཞིས་ཆགས་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱ་དགོས།

 

དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདི་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་། སྲོལ་ཡིག་འདི་ལག་བསྟར་མ་བྱས་གོང་ས་གནས་ཁག་གིས་སྤྲད་པའི་གནས་སྡོད་ལག་ཁྱེར་དེ་གོ་ཆོད་དུས་ཡུན་ནང་མུ་མཐུད་དུ་ནུས་ལྡན།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号