༄༅། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སོལ་སྐོར་གྱི་བཅའ་ཁྲིམས

ཐོ་འགོད་དུས་ཚོད།:2020-12-02  

༄༅། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སོལ་སྐོར་གྱི་བཅའ་ཁྲིམས།

 (2016ལོར་བཟོ་བཅོས་བྱས་པ། )

ཁོངས་གཏོགས་རིམ་པའི་རིགས།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་མཛོད།

རིགས་དབྱེ།གཏེར་རྫས།

རང་ཁོངས་ས་ཁུལ།

ཁྱབ་བསྒྲགས་སྡེ་ཁགརྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

ཁྱབ་བསྒྲགས་ཡིག་ཨང་།ཀྲུའུ་ཞིའི་བཀའ་ཨང་57པ།

ཁྱབ་བསྒྲགས་བྱས་པའི་དུས་ཚོད།2016-11-07

ནུས་ཐོན་གྱི་ཚེས་གྲངས།2016-11-07

ནུས་པ་ཉམས་པའི་ཚེས་གྲངས།

ཕན་ནུས་ཀྱི་གནས་ཚུལ།ནུས་པ་ལྡན་པ།

 

བཅའ་ཁྲིམས་འདིའི་འཕོ་འགྱུར་ལོ་རྒྱུས་ནི།

གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སོལ་སྐོར་གྱི་བཅའ་ཁྲིམས། (1996ལོའི་ཟླ་8ཚེས་29ཉིན་ཁྱབ་བསྒྲགས་བྱས་པ་དང་1996ལོའི་ཟླ་12ཚེས་1ཉིན་ལག་བསྟར་བྱས། )

གཉིས། ཁྲིམས་སྲོལ་འདི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཁག་ཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་(2009ལོའི་ཟླ་8ཚེས་27ཉིན་ཁྱབ་བསྒྲགས་བྱས་པ་དང་2009ལོའི་ཟླ་8ཚེས་27ཉིན་ལག་བསྟར་བྱས།)གྱིས་བཟོ་བཅོས་བརྒྱབ་ཡོད།

གསུམ། ཁྲིམས་སྲོལ་འདི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སོལ་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་(2011ལོའི་ཟླ་4ཚེས་22ཉིན་ཁྱབ་བསྒྲགས་བྱས་པ་དང་2011ལོའི་ཟླ་7ཚེས་1ཉིན་ལག་བསྟར་བྱས།)གྱིས་བཟོ་བཅོས་བྱས།

བཞི། ཁྲིམས་སྲོལ་འདི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་(རྩྭ་ཐང་གི་བཅའ་ཁྲིམས་དང་། འགག་སྒོའི་བཅའ་ཁྲིམས། ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ལ་ཞིབ་བཤེར་སྐོར་གྱི་བཅའ་ཁྲིམས། ཁྲལ་བསྡུ་དང་དོ་དམ་སྐོར་གྱི་བཅའ་ཁྲིམས། སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦག་བཙོག་འགོག་བཅོས་སྐོར་གྱི་བཅའ་ཁྲིམས། རྡོ་སོལ་སྐོར་གྱི་བཅའ་ཁྲིམས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་བཅའ་ཁྲིམས། རྒྱུ་འཛིན་སྐོར་གྱི་བཅའ་ཁྲིམས། ས་བོན་གྱི་བཅའ་ཁྲིམས། དམངས་གཉེར་སློབ་གསོའི་སྐུལ་སྤེལ་བཅའ་ཁྲིམས། འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་བཅས་ཚུད།)(2013ལོའི་ཟླ་6ཚེས་29ཉིན་ཁྱབ་བསྒྲགས་བྱས་པ་དང་2013ལོའི་ཟླ་6ཚེས་29ཉིན་ལག་བསྟར་བྱས།)གྱིས་བཟོ་བཅོས་བརྒྱབ་ཡོད།

ལྔ། ཁྲིམས་སྲོལ་འདི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་(2016ལོ།)(2016ལོའི་ཟླ་11ཚེས་7ཉིན་ཁྱབ་བསྒྲགས་བྱས་པ་དང་2016ལོའི་ཟླ་11ཚེས་7ཉིན་ལག་བསྟར་བྱས་པ།)གྱིས་བཟོ་བཅོས་བརྒྱབ་ཡོད།

 

དཀར་ཆག

ལེའུ་དང་པོ། སྤྱིའི་དོན་ཚན།

ལེའུ་གཉིས་པ། རྡོ་སོལ་ཐོན་སྐྱེད་གསར་སྤེལ་གྱི་འཆར་གཞི་དང་རྡོ་སོལ་འདོན་ཁུལ་གྱི་འཛུགས་སྐྲུན་སྐོར།

ལེའུ་གསུམ་པ། རྡོ་སོལ་ཐོན་སྐྱེད་དང་རྡོ་སོལ་འདོན་ཁུལ་གྱི་བདེ་འཇགས་སྐོར།

ལེའུ་བཞི་པ། རྡོ་སོལ་གཉེར་སྐྱོང་བྱེད་ཕྱོགས་སྐོར།

ལེའུ་ལྔ་པ། རྡོ་སོལ་འདོན་ཁུལ་གྱི་སྲུང་སྐྱོང་སྐོར།

ལེའུ་དྲུག་པ། ལྟ་སྐུལ་དང་ཞིབ་བཤེར་སྐོར།

ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

 

ལེའུ་དང་པོ། སྤྱིའི་དོན་ཚན།

 

དོན་ཚན་དང་པོ། རྡོ་སོལ་ཐོན་ཁུངས་ལུགས་མཐུན་གྱིས་གསར་འདོན་བེད་སྤྱོད་དང་སྲུང་སྐྱོང་དང་། རྡོ་སོལ་ཐོན་སྐྱེད་དང་གཉེར་སྐྱོང་བྱ་བ་ཚད་ལྡན་དུ་སྒྱུར་བ། རྡོ་སོལ་ལས་རིགས་གོང་དུ་འཕེལ་བར་སྐུལ་འདེད་དང་འགན་སྲུང་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

 

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བདག་སྐྱོང་བྱེད་པའི་མཚོ་ཁུལ་གཞན་དག་ཏུ་རྡོ་སོལ་ཐོན་སྐྱེད་དང་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་འཐུས།

 

དོན་ཚན་གསུམ་པ། རྡོ་སོལ་ཐོན་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན། ས་ངོས་སམ་ས་འོག་གི་རྡོ་སོལ་ཐོན་ཁུངས་ཀྱི་རྒྱལ་ཁབ་ཀྱི་བདག་དབང་དེ་དེའི་གཞན་བརྟེན་ས་ཆའི་བདག་དབང་ངམ་སྤྱོད་དབང་མི་འདྲ་བའི་རྐྱེན་གྱིས་འགྱུར་བ་མི་གཏོང་རྒྱུ།

 

དོན་ཚན་བཞི་པ། རྒྱལ་ཁབ་ནས་རྡོ་སོལ་གསར་འདོན་བྱ་རྒྱུར་གཅིག་གྱུར་གྱིས་འཆར་འགོད་དང་། བཀོད་སྒྲིག་ལུགས་མཐུན། ཕྱོགས་བསྡུས་ཀྱིས་བེད་སྤྱོད་བཅས་བྱ་རྒྱུའི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ།

 

དོན་ཚན་ལྔ་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྡོ་སོལ་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་དང་། སྔོག་འདོན་གང་བྱུང་དུ་བྱས་ཏེ་རྡོ་སོལ་ཐོན་ཁུངས་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཐའ་དག་གཏན་འགོག་བྱ་རྒྱུ།

 

དོན་ཚན་དྲུག་པ། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་མ་དངུལ་བཞག་ནས་རྡོ་སོལ་ཐོན་ཁུངས་གསར་འདོན་བྱེད་པའི་མ་དངུལ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ།

གཞུང་ཁོངས་རྡོ་སོལ་འདོན་ཁུལ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྒྱལ་ཁབ་ཀྱིས་འགན་སྲུང་བྱ་རྒྱུ།

རྒྱལ་ཁབ་ཀྱིས་ཞང་དང་གྲོང་རྡལ་གྱི་རྡོ་སོལ་འདོན་ཁུལ་ལ་རོགས་སྐྱོར་དང་། བསྒྱུར་བཀོད། དག་ཐེར། མཉམ་འབྲེལ། མཐོར་འདེགས་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ་དང་། ཚད་ལྡན་ལུགས་མཐུན་གྱིས་གསར་སྤེལ་དང་གོ་རིམ་ལྡན་པའི་སྒོ་ནས་གོང་དུ་སྤེལ་རྒྱུ།

 

དོན་ཚན་བདུན་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་ངེས་པར་དུ་བདེ་འཇགས་ཨང་དང་པོར་འཛིན་རྒྱུ་དང་། སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པའི་ཉེན་མེད་ངང་ཐོན་སྐྱེད་བྱ་རྒྱུའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཉེན་མེད་ངང་ཐོན་སྐྱེད་བྱེད་པའི་འགན་འཁྲིའི་ལམ་ལུགས་དང་མང་ཚོགས་ཀྱིས་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

 

དོན་ཚན་བརྒྱད་པ། མི་དམངས་སྲིད་གཞུང་རིམ་པ་ཁག་དང་དེའི་འབྲེལ་ཡོད་སྡེ་ཁག་དང་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་བཅས་ཀྱིས་ངེས་པར་དུ་བྱེད་ཐབས་སྤྱད་དེ་ངལ་རྩོལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྡོ་སོལ་འདོན་ཁུལ་གྱི་ལས་བཟོ་པའི་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱ་དགོས།

རྒྱལ་ཁབ་གྱིས་རྡོ་སོལ་འདོན་ཁུལ་གྱི་ཁྲོན་འོག་ཏུ་ལས་ཀ་བྱེད་པའི་ལས་བཟོ་པར་དམིགས་བསལ་གྱི་སྲུང་སྐྱོང་བྱེད་ཐབས་སྤྱོད་རྒྱུ།

 

དོན་ཚན་དགུ་པ། རྒྱལ་ཁབ་གྱིས་རྡོ་སོལ་ཐོན་ཁུངས་གསར་འདོན་དང་བེད་སྤྱོད་བྱེད་རིང་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་དོ་དམ་བྱེད་ཐབས་སྤྱོད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ།

རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་གཉེར་སྐྱོང་དོ་དམ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དང་དཔལ་འབྱོར་གྱི་ཕན་ནུས་ཆེ་རུ་གཏོང་དགོས།

 

དོན་ཚན་བཅུ་པ། རྒྱལ་ཁབ་ཀྱིས་རྡོ་སོལ་འདོན་ཁུལ་ས་ཁུལ་གྱི་ཐོན་སྐྱེད་སྒྲིག་ལམ་དང་ལས་ཀའི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་དང་། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་སྒྲིག་བཀོད་སྲུང་སྐྱོང་བྱ་རྒྱུ།

 

དོན་ཚན་བཅུ་གཅིག་པ། རྡོ་སོལ་ཐོན་ཁུངས་གསར་འདོན་དང་བེད་སྤྱོད་བྱེད་པར་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས་པ་དང་། སྦགས་བཙོག་དང་སྤྱི་གནོད་གཞན་དག་འགོག་བཅོས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་དགོས།

 

དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་རྒྱལ་ཡོངས་ཀྱི་རྡོ་སོལ་ལས་རིགས་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་སུ་རྡོ་སོལ་ལས་རིགས་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྡོ་སོལ་ལས་རིགས་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ།

 

དོན་ཚན་བཅུ་གསུམ་པ། རྡོ་སོལ་གཏེར་དོན་ཅུས་ནི་གཞུང་ཁོངས་ཀྱི་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཡིན་ཞིང་། དེར་རང་ཚུགས་ཀྱི་ཁྲིམས་ཚན་གྱི་ཐོབ་ཐང་ཡོད།

གཏེར་དོན་ཅུས་དང་རང་ཚུགས་ཀྱི་ཁྲིམས་ཚན་གྱི་ཐོབ་ཐང་ཡོད་པའི་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་རྡོ་སོལ་གཉེར་སྐྱོང་ཁེ་ལས་གཞན་དག་གིས་ཁྲིམས་ལྟར་གཉེར་སྐྱོང་རང་བདག་དང་། ཁེ་གྱོང་རང་འཁུར། རང་གཅུན་རང་འཛིན། རང་ཉིད་འཕེལ་རྒྱས་བཅས་བྱ།

 

ལེའུ་གཉིས་པ། རྡོ་སོལ་ཐོན་སྐྱེད་གསར་སྤེལ་གྱི་འཆར་གཞི་དང་རྡོ་སོལ་འདོན་ཁུལ་གྱི་འཛུགས་སྐྲུན་སྐོར།

 

དོན་ཚན་བཅུ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གཏེར་རྫས་ཐོན་ཁུངས་རྩད་ཞིབ་འཆར་འགོད་གཞིར་བཟུང་ནས་རྒྱལ་ཡོངས་ཀྱི་རྡོ་སོལ་ཐོན་ཁུངས་རྩད་ཞིབ་འཆར་གཞི་བཟོ་རྒྱུ།

 

དོན་ཚན་བཅོ་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གཏེར་རྫས་ཐོན་ཁུངས་ཀྱི་འཆར་གཞིའི་ནང་གཏན་འབེབས་བྱས་པའི་རྡོ་སོལ་ཐོན་ཁུངས་ལ་གཞིགས་ནས་རྡོ་སོལ་ཐོན་སྐྱེད་དང་གསར་སྤེལ་བྱ་བའི་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱ་བ་སྒྲིག་འཛུགས་བྱ་རྒྱུ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་རྡོ་སོལ་དོ་དམ་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གཏེར་རྫས་ཐོན་ཁུངས་ཀྱི་འཆར་གཞིའི་ནང་གཏན་འབེབས་བྱས་པའི་རྡོ་སོལ་ཐོན་ཁུངས་ལ་གཞིགས་ནས་ས་ཁུལ་དེ་གའི་རྡོ་སོལ་ཐོན་སྐྱེད་དང་གསར་སྤེལ་བྱ་བའི་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱ་བ་སྒྲིག་འཛུགས་བྱ་རྒྱུ་དང་། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།

 

དོན་ཚན་བཅུ་དྲུག་པ། རྡོ་སོལ་ཐོན་སྐྱེད་དང་གསར་སྤེལ་བྱ་རྒྱུའི་འཆར་གཞི་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོར་གཞིགས་ནས་བཟོ་དགོས་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་འགོད་དགོས།

 

དོན་ཚན་བཅུ་བདུན་པ། རྒྱལ་ཁབ་གྱིས་གཟིགས་སྐྱོང་གི་སྲིད་ཇུས་གཏན་འབེབས་བྱས་ཏེ་རྡོ་སོལ་བཟོ་ལས་གོང་དུ་སྤེལ་བར་རོགས་སྐྱོར་བྱ་རྒྱུ་དང་། རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།

རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་དེ་རྡོ་སོལ་ཐོན་སྐྱེད་དང་གསར་སྤེལ་བྱ་རྒྱུའི་འཆར་གཞི་དང་རྡོ་སོལ་ཐོན་ལས་ཀྱི་སྲིད་ཇུས་དང་མཐུན་དགོས།

 

དོན་ཚན་བཅོ་བརྒྱད་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་འཛུགས་གཉེར་བྱེད་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།

(གཅིག)རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུའམ་ཡང་ན་སྔོག་འདོན་བྱ་རྒྱུའི་ཇུས་གཞི་ཡོད་པ་དང་།

(གཉིས།)འཆར་གཞི་ལྟར་སྔོག་འདོན་བྱ་རྒྱུའི་གཏེར་ཁུལ་གྱི་ཁྱབ་ཁོངས་དང་། སྔོག་འདོན་བྱ་རྒྱུའི་ཁྱབ་ཁོངས། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུའི་ཇུས་གཞི་བཅས་ཡོད་པ།

(གསུམ།)སྔོག་འདོན་བྱེད་པར་མཁོ་བའི་ས་གཤིས་དང་། ཐིག་ལེན། ཆུ་དཔྱད་བཅས་སྐོར་གྱི་དཔྱད་གཞིའི་ཡིག་རིགས་དང་དཔྱད་གཞིའི་ཡིག་རིགས་གཞན་དག་ཡོད་པ།

(བཞི།)རྡོ་སོལ་འདོན་ཁུལ་ཉེན་མེད་ངང་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་བླང་བྱ་དང་མཐུན་པའི་གཏེར་རིའི་ཇུས་འགོད་ཡོད་པ།

(ལྔ།)ལུགས་དང་མཐུན་པའི་རྡོ་སོལ་འདོན་ཁུལ་གྱི་གཏེར་ཁྲོན་གྱི་ཐོན་སྐྱེད་གཞི་ཁྱོན་དང་དེ་དང་མཐུན་པའི་མ་དངུལ་དང་སྒྲིག་ཆས། ལག་རྩལ་མི་སྣ་བཅས་ཡོད་པ།

(དྲུག)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

(དོན་ཚན་འདི་བསུབ་ཟིན། )

 

དོན་ཚན་བཅུ་དགུ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་འཛུགས་གཉེར་བྱེད་སྐབས་ངེས་པར་དུ་ཁྲིམས་ལྟར་རྡོ་སོལ་དོ་དམ་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་དང་། བཅའ་ཁྲིམས་འདིའི་གཏན་ལ་ཕབ་པའི་ཆ་རྐྱེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་་གཏན་ལ་ཕབ་པའི་རིམ་བགོས་དོ་དམ་བྱེད་པའི་དབང་ཚད་ལྟར་ཞིབ་བཤེར་ཆོག་མཆན་འགོད་རྒྱུ།

རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ལ་ཞིབ་བཤེར་ཆོག་མཆན་འགོད་པར་ས་གཤིས་གཏེར་རྫས་གཙོ་སྐྱོང་སྡེ་ཁག་གིས་དེའི་སྔོག་འདོན་བྱེད་ཁོངས་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུའི་འཆར་གཞིར་བསྐྱར་ཞིབ་བྱ་དགོས་པ་དང་བསམ་འཆར་འགོད་དགོས།

འཛུགས་གཉེར་བྱས་འཐུས་ཀྱི་ཆོག་མཆན་བཀོད་པའི་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་ཆོག་མཆན་ཞུ་ཡིག་ལ་བརྟེན་ནས་ས་གཤིས་གཏེར་རྫས་གཙོ་སྐྱོང་སྡེ་ཁག་གིས་བསྔོགས་འདོན་བྱས་འཐུས་ཀྱི་ལག་ཁྱེར་སྤྲོད་རྒྱུ།

(དོན་ཚན་འདི་བསུབ་ཟིན། )

 

དོན་ཚན་ཉི་ཤུ་པ། རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱེད་པར་ས་ཆ་བེད་སྤྱོད་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྒྲུབ་དགོས། ས་ཞིང་གཞུང་བསྡུ་བྱེད་པར་ཁྲིམས་ལྟར་ས་ཞིང་གི་སྐྱིན་གསབ་རིན་དངུལ་དང་བཀོད་སྒྲིག་གི་སྐྱིན་གསབ་རིན་དངུལ་སྤྲོད་དགོས་པ་དང་། གནས་སྤོ་ཡུལ་མི་བཀོད་སྒྲིག་བྱེད་པའི་ལས་ཀ་ལེགས་པར་བསྒྲུབ་དགོས།

རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱེད་པར་རྨོ་ཞིང་སྲུང་སྐྱོང་དང་ས་ཞིང་བེད་སྤྱོད་ལུགས་མཐུན་བྱ་རྒྱུའི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་དགོས།

ས་གནས་མི་དམངས་སྲིད་གཞུང་གིས་རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱེད་པར་ཁྲིམས་ལྟར་ས་ཞིང་བེད་སྤྱོད་དང་ཡུལ་མི་གནས་སྤོ་བྱེད་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས།

 

དོན་ཚན་ཉེར་གཅིག་པ། རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱེད་པར་རྡོ་སོལ་གསར་འདོན་དང་ཁོར་ཡུག་བཅོས་སྐྱོང་དུས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱ་དགོས། རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྒྲིག་བཀོད་དེ་ངེས་པར་དུ་ལས་གྲྭ་གཙོ་བོ་དང་དུས་མཉམ་དུ་ཇུས་འགོད་དང་། དུས་མཉམ་དུ་ཨར་ལས། དུས་མཉམ་དུ་ཞིབ་བཤེར་རྩིས་ལེན། དུས་མཉམ་དུ་བེད་སྤྱོད་བཅས་བྱ་དགོས།

 

ལེའུ་གསུམ་པ། རྡོ་སོལ་ཐོན་སྐྱེད་དང་རྡོ་སོལ་འདོན་ཁུལ་གྱི་བདེ་འཇགས་སྐོར།

 

དོན་ཚན་ཉེར་གཉིས་པ། རྡོ་སོལ་འདོན་ཁུལ་ཐོན་སྐྱེད་བྱེད་འགོ་མ་བཙུགས་གོང་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་ཉེན་མེད་ཐོན་སྐྱེད་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཉེན་མེད་ཐོན་སྐྱེད་བྱས་འཐུས་ཀྱི་ལག་ཁྱེར་འཐོབ་དགོས། ཉེན་མེད་ཐོན་སྐྱེད་བྱས་འཐུས་ཀྱི་ལག་ཁྱེར་ཐོབ་མེད་ན། རྡོ་སོལ་ཐོན་སྐྱེད་ཀྱི་ལས་གཉེར་བྱས་མི་ཆོག

 

དོན་ཚན་ཉེར་གསུམ་པ། རྒྱལ་དམངས་དཔལ་འབྱོར་ལ་རིན་ཐང་གལ་ཆེན་ལྡན་པའི་རྡོ་སོལ་དམིགས་བསལ་ཅན་ནམ་དཀོན་པའི་རྡོ་སོལ་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་རང་བཞིན་ལྡན་པའི་སྒོ་ནས་སྔོག་འདོན་བྱ་རྒྱུ།

 

དོན་ཚན་ཉེར་བཞི་པ། རྡོ་སོལ་ཐོན་ཁུངས་སྔོག་འདོན་བྱེད་སྐབས་ངེས་པར་དུ་རྡོ་སོལ་འདོན་ཁུལ་སྔོག་འདོན་བྱ་རྒྱུའི་ལུགས་སྲོལ་དང་མཐུན་དགོས་པ་དང་། ལུགས་མཐུན་གྱི་སྔོག་འདོན་གོ་རིམ་ལ་བརྩི་སྲུང་ཞུས་ནས་གཏན་འབེབས་བྱས་པའི་རྡོ་སོལ་ཐོན་ཁུངས་བསྐྱར་འདོན་བྱེད་ཚད་ཟིན་དགོས།

རྡོ་སོལ་ཐོན་ཁུངས་བསྐྱར་འདོན་བྱེད་ཚད་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་གིས་ཐོན་ཁུངས་དང་སྔོག་འདོན་ཆ་རྐྱེན་མི་འདྲ་བར་གཞིགས་ནས་གཏན་འཁེལ་བྱ།

རྒྱལ་ཁབ་ཀྱིས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་བསྐྱར་འདོན་ནམ་ཡང་ན་ཟུར་མཐའི་རྡོ་སོལ་ལྷག་རོ་དང་རྡོ་སོལ་ཆེས་སྲབ་མོ་སྔོག་འདོན་བྱེད་པར་བསྔགས་སྐུལ་བྱ།

 

དོན་ཚན་ཉེར་ལྔ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་རྡོ་སོལ་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་ཞིབ་བཤེར་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྡོ་སོལ་ཐོན་རྫས་ཀྱི་སྤུས་ཚད་ལ་རྒྱལ་ཁབ་ཀྱི་ཚད་གཞིའམ་ཡང་ན་ལས་རིགས་ཀྱི་ཚད་གཞི་ལྟར་རིམ་པ་དབྱེ་དགོས།

 

དོན་ཚན་ཉེར་དྲུག་པ། རྡོ་སོལ་ཐོན་སྐྱེད་བྱ་བ་དེ་ཁྲིམས་ལྟར་ཆོག་མཆན་ཐོབ་པའི་སྔོག་འདོན་བྱེད་ཁོངས་སུ་བྱ་དགོས་པ་ལས་ཆོག་མཆན་བཀོད་པའི་སྔོག་འདོན་བྱེད་ཁོངས་ལས་བརྒལ་ཏེ་མཚམས་བརྒལ་རིམ་བརྒལ་གྱིས་སྔོག་འདོན་བྱས་མི་ཆོག

གཏེར་འདོན་ལས་ཀ་བྱེད་སྐབས་རང་འདོད་ཀྱིས་བདེ་སྲུང་རྡོ་སོལ་ཀ་གཟུགས་སྔོག་འདོན་བྱས་མི་ཆོག་པ་དང་། ཉེ་འཁོར་གྱི་རྡོ་སོལ་འདོན་ཁུལ་གྱི་ཐོན་སྐྱེད་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་སྲིད་པའི་ཆུ་རགས་གཏོར་བ་དང་། གས་གཏོར་གཏོང་བ། དོང་ལམ་མཐུད་པ་སོགས་ཀྱི་ཉེན་ཁ་ཆེ་བའི་བྱེད་ཐབས་སྤྱད་མི་ཆོག

 

དོན་ཚན་ཉེར་བདུན་པ། རྡོ་སོལ་སྔོག་འདོན་བྱས་པའི་རྐྱེན་གྱིས་ས་ཞིང་འགེབས་བཟུང་བྱས་པའམ་ས་ངོས་ཀྱི་ས་ཞིང་རྡིབ་པ་དང་སྔོག་སྐྱོན་བྱུང་ཚེ། གཏེར་ཁ་འདོན་མཁན་གྱིས་གསར་སྦོལ་བསྐྱར་མ་བྱེད་འགན་ཁུར་ནས་བེད་སྤྱོད་བྱེད་ཆོག་པའི་གནས་སུ་སླར་གསོ་བྱ་དགོས་པ་དང་། སྐྱེ་བོ་གཞན་དག་ལ་གྱོང་གུན་བཟོས་ན་ཁྲིམས་ལྟར་སྐྱིན་གསབ་སྤྲོད་དགོས།

 

དོན་ཚན་ཉེར་བརྒྱད་པ། རྡོ་སོལ་འདོན་ཁུལ་སྒོ་བརྒྱབ་པ་དང་གཏེར་ཁྲོན་བེད་མེད་ཟུར་འཇོག་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་གི་གཏན་འབེབས་ལྟར་བསྒྲུབ་དགོས།

 

དོན་ཚན་ཉེར་དགུ་པ། རྒྱལ་ཁབ་ཀྱིས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་རྡོ་སོལ་གཏེར་རྫས་ཟད་ཚེ་ཐོན་སྐྱེད་གཞན་སྒྱུར་གྱི་མ་དངུལ་གསོག་པའི་ལམ་ལུགས་འཛུགས་རྒྱུ།

རྒྱལ་ཁབ་ཀྱིས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་སྣ་མང་གཉེར་སྐྱོང་བྱ་བ་གོང་དུ་སྤེལ་བར་བསྔགས་སྐུལ་དང་རོགས་སྐྱོར་བྱ།

 

དོན་ཚན་སུམ་ཅུ་པ། རྒྱལ་ཁབ་ཀྱིས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་ཁེ་ལས་གཞན་དག་གིས་སོལ་གློག་མཉམ་འབྲེལ་ཐོན་སྐྱེད་དང་། རྡོ་སོལ་བསྲེགས་མ་བཟོ་བ། རྡོ་སོལ་རྫས་འགྱུར་བཟོ་ལས། རྡོ་སོལ་ཨར་ལས་རྒྱུ་ཆས་སོགས་འཕེལ་རྒྱས་གཏོང་རྒྱུ་དང་། རྡོ་སོལ་ལས་སྣོན་ཕྲ་ཞིབ་དང་ལས་སྣོན་སྤུས་གཙང་བྱ་རྒྱུར་དར་སྤེལ་དང་རྒྱབ་སྐྱོར་གནང་དགོས།

རྒྱལ་ཁབ་ཀྱིས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་རྡོ་སོལ་འཁྲུ་འདེམས་ལས་སྣོན་བྱ་བ་གོང་འཕེལ་གཏོང་བ་དང་། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་དང་། སོལ་མ་རྡོ། རྡོ་སོལ་འདམ་པ། རྡོ་སོལ་སོལ་བ། འདམ་སོལ་བཅས་ཕྱོགས་བསྡུས་ཀྱིས་སྔོག་འདོན་དང་བེད་སྤྱོད་བྱ་བར བསྔགས་སྐུལ་བྱ་རྒྱུ།

 

དོན་ཚན་སོ་གཅིག་པ། རྒྱལ་ཁབ་ཀྱིས་རྡོ་སོལ་གཙང་དག་ལག་རྩལ་འཕེལ་རྒྱས་དང་ཁྱབ་གདལ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ཡུལ་ཐབས་ལ་བརྟེན་ནས་རྡོ་སོལ་བསྲེགས་མ་བཟོ་བ་གཏན་འགོག་བྱ་བ་དང་། ཡུལ་ཐབས་ལ་བརྟེན་ནས་རྡོ་སོལ་བསྲེགས་མ་བཟོ་ཐབ་གསར་སྐྲུན་བྱས་མི་ཆོག་པར། ད་ཡོད་ཀྱི་ཡུལ་ཐབས་ལ་བརྟེན་ནས་རྡོ་སོལ་བསྲེགས་མ་བཟོ་བར་དུས་བཅད་བསྒྱུར་བཀོད་བྱེད་དགོས།

 

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་དང་དེའི་རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རྡོ་སོལ་འདོན་ཁུལ་གྱི་ཉེན་མེད་ཐོན་སྐྱེད་ལས་ཀར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

 

དོན་ཚན་སོ་གསུམ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་ཉེན་མེད་ཐོན་སྐྱེད་བྱ་བར་དོ་དམ་བྱེད་པར་གཏེར་དོན་ཅུས་ཀྱི་ཅུས་ཀྲང་དང་གཏེར་ཁའི་འགོ་འཛིན་གྱི་འགན་ཁུར་ལམ་ལུགས་ལག་བསྟར་བྱ་རྒྱུ།

 

དོན་ཚན་སོ་བཞི་པ། གཏེར་དོན་ཅུས་ཀྱི་ཅུས་ཀྲང་དང་། གཏེར་ཁའི་འགོ་འཛིན་དང་དེ་བཞིན་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་འགན་འཁུར་པ་གཙོ་བོ་གཞན་དག་བཅས་ཀྱིས་ངེས་པར་དུ་གཏེར་རིའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། རྡོ་སོལ་ལས་རིགས་ཀྱི་བདེ་འཇགས་སྐོར་གྱི་སྒྲིག་སྲོལ་དང་ལུགས་སྲོལ་བཅས་ལ་བརྩི་སྲུང་ཞུ་དགོས་པ་དང་། རྡོ་སོལ་འདོན་ཁུལ་གྱི་ཉེན་མེད་ཐོན་སྐྱེད་ལས་ཀར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པར། ཉེན་མེད་ཐོན་སྐྱེད་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཤི་རྨས་དང་ཉེན་མེད་ཐོན་སྐྱེད་ཐད་ཀྱི་བྱུར་ཉེས་གཞན་དག་མི་ཡོང་སྔོན་འགོག་བྱ་དགོས།

 

དོན་ཚན་སོ་ལྔ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་ལས་བཟོ་པར་ཉེན་མེད་ཐོན་སྐྱེད་སྐོར་གྱི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱ་དགོས་ཤིང་། ཉེན་མེད་ཐོན་སྐྱེད་སྐོར་གྱི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱས་མེད་ན། ལས་གནས་ཐོག་ལས་ཀ་བྱེད་དུ་བཅུག་མི་ཆོག

རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་ལས་བཟོ་པས་ངེས་པར་དུ་ཉེན་མེད་ཐོན་སྐྱེད་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། རྡོ་སོལ་ལས་རིགས་ཀྱི་སྒྲིག་སྲོལ་དང་ལུགས་སྲོལ། ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་བཅས་བརྩི་སྲུང་ཞུ་དགོས།

 

དོན་ཚན་སོ་དྲུག་པ། རྡོ་སོལ་འདོན་ཁུལ་གྱི་ཁྲོན་འོག་ཏུ་ལས་ཀ་བྱེད་རིང་ལས་བཟོ་པའི་ལུས་སྲོག་བདེ་འཇགས་ལ་ཉེན་ཁ་ཐུག་ནས་སེལ་ཐབས་བྲལ་བའི་གནས་ཚུལ་ཛ་དྲག་ཅན་འབྱུང་སྐབས་ལས་ཀ་བྱ་ཡུལ་གྱི་འགན་འཁུར་པའམ་བདེ་འཇགས་དོ་དམ་མི་སྣས་འཕྲལ་མར་ལས་བཟོ་པ་སྒྲིག་འཛུགས་བྱས་ཏེ་ཉེན་ཁ་ཡོད་ས་ནས་ཕྱིར་འཐེན་བྱ་དགོས་པ་དང་། དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་པར་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

 

དོན་ཚན་སོ་བདུན་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་བཟོ་ཚོགས་ཀྱིས་ཁེ་ལས་ཀྱི་སྲིད་འཛིན་ཕྱོགས་ནས་སྒྲིག་སྲོལ་དང་འགལ་ཏེ་བཀོད་འདོམས་བྱེད་པ་དང་། ལས་བཟོ་པར་ཉེན་ཁ་ཆེ་བའི་ལས་ཀ་བྱ་དགོས་པའི་བཙན་བཀའ་ཕབ་པའམ་ཐོན་སྐྱེད་བྱེད་རིང་བྱུར་ཉེས་འབྱུང་གཞི་ཚབས་ཆེན་མངོན་གསལ་ཡོད་པ་ཤེས་ནས་ལས་བཟོ་པའི་ལུས་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་གནས་ཚུལ་མཐོང་ཚེ་གནད་དོན་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་དབང་ཡོད་ཅིང་། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་སྲིད་འཛིན་ཕྱོགས་ནས་ངེས་པར་དུ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུའི་ཆོད་དོན་འཇོག་དགོས་པར། ཁེ་ལས་ཀྱི་སྲིད་འཛིན་ཕྱོགས་ནས་ཐག་གཅོད་མ་བྱས་ན། བཟོ་ཚོགས་ལ་སྐྱོན་བརྗོད་དང་། ཐེར་འདོན། ཞུ་སྦྱོར་ཐེར་འདོན་བཅས་བྱེད་དབང་ཡོད།

 

དོན་ཚན་སོ་བརྒྱད་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་ངེས་པར་དུ་ལས་བཟོ་པར་ཉེན་མེད་ཐོན་སྐྱེད་བྱེད་པར་འགན་སྲུང་བྱེད་པར་མཁོ་བའི་ངལ་རྩོལ་སྲུང་སྐྱོང་གི་མཁོ་ཆས་འདོན་སྤྲོད་བྱ་དགོས།

 

དོན་ཚན་སོ་དགུ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་ལས་བཟོ་པ་ལས་རྨས་འགན་བཅོལ་ནང་ཞུགས་པར་ཁྲིམས་ལྟར་ལས་རྨས་འགན་བཅོལ་གྲོན་དངུལ་སྤྲོད་དགོས་པ་དང་། ཁེ་ལས་ཀྱིས་ཁྲོན་འོག་ཏུ་ལས་ཀ་བྱེད་མཁན་ལས་བཟོ་པར་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་གྱི་འགན་བཅོལ་བསྒྲུབ་རྒྱུ་དང་འགན་བཅོལ་གྲོན་དངུལ་སྤྲོད་པར་བསྔགས་སྐུལ་བྱ་དགོས།

 

དོན་ཚན་བཞི་བཅུ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱིས་བེད་སྤྱོད་བྱེད་པའི་སྒྲིག་ཆས་དང་། ཡོ་བྱད། ཐབ་ལས་ཐོན་རྫས། བདེ་སྲུང་དཔྱད་ཆས་བཅས་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མཐུན་དགོས།

 

ལེའུ་བཞི་པ། རྡོ་སོལ་གཉེར་སྐྱོང་བྱེད་ཕྱོགས་སྐོར།

 

དོན་ཚན་ཞེ་གཅིག་པ། རྡོ་སོལ་གཉེར་སྐྱོང་ཁེ་ལས་ཀྱིས་རྡོ་སོལ་གཉེར་སྐྱོང་བྱེད་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཞབས་ཞུ་ལེགས་བཅོས་དང་མཁོ་སྤྲོད་འགན་ལེན་བྱ་དགོས། ཁྲིམས་དང་མི་མཐུན་པའི་གཉེར་སྐྱོང་བྱེད་སྒོ་མཐའ་དག་གཏན་འགོག་བྱ་དགོས།

 

དོན་ཚན་ཞེ་གཉིས་པ། རྡོ་སོལ་གཉེར་སྐྱོང་བྱ་བར་བར་གནས་ལྷུ་ཚིགས་ཉུང་དུ་གཏོང་དགོས་པ་དང་ལུགས་དང་མི་མཐུན་པའི་བར་གནས་ལྷུ་ཚིགས་མེད་པར་བཟོ་དགོས་ཤིང་། ཆ་རྐྱེན་འཛོམས་པའི་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ནས་ཐད་འཚོང་བྱེད་རྒྱུ་དར་སྤེལ་གཏོང་དགོས།

རྡོ་སོལ་བཀོལ་སྤྱོད་བྱེད་མཁན་དང་རྡོ་སོལ་འཚོང་ཁུལ་གྱི་རྡོ་སོལ་གཉེར་སྐྱོང་ཁེ་ལས་ལ་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ནས་ཐད་ཀར་རྡོ་སོལ་ཉོ་སྒྲུབ་བྱེད་དབང་ཡོད། རྡོ་སོལ་ཐོན་ཁུལ་དུ་རྡོ་སོལ་ཕྱིར་འཚོང་དང་སྐྱེལ་འདྲེན་ཞབས་ཞུའི་སྒྲིག་གཞི་བཙུགས་ནས་རྡོ་སོལ་འདོན་ཁུལ་ཆུང་འབྲིང་ལ་བརྒྱུད་འཚོང་དང་སྐྱེལ་འདྲེན་ལས་སྒོ་བསྒྲུབས་ཆོག

སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་ནས་རང་འདོད་ཀྱིས་རྡོ་སོལ་མཁོ་སྤྲོད་བྱེད་པའི་བར་གནས་ལྷུ་ཚིགས་འཛུགས་པ་དང་འགྲོ་གྲོན་འཕར་མ་བསྡུ་བ་བཅས་བྱེད་པར་གཏན་འགོག་བྱ་དགོས།

 

དོན་ཚན་ཞེ་གསུམ་པ། རྡོ་སོལ་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་འབབ་ཚུགས་དང་གྲུ་ཁ། སྐྱེལ་འདྲེན་ཁེ་ལས་གཞན་དག་བཅས་ཀྱིས་རང་ཉིད་ཀྱིས་བདག་འཛིན་བྱེད་པའི་སྐྱེལ་འདྲེན་བྱེད་ཤུགས་ལ་བརྟེན་ནས་རྡོ་སོལ་གཉེར་སྐྱོང་བྱེད་པར་ཞུགས་པ་དང་ཚུལ་དང་མི་མཐུན་པའི་ཁེ་ཕན་རག་ཐབས་བྱེད་པ་བཅས་བྱས་མི་ཆོག

 

དོན་ཚན་ཞེ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟོག་གོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རྡོ་སོལ་ཕྱིར་འཚོང་རིན་གོང་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུ།

 

དོན་ཚན་ཞེ་ལྔ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་རྡོ་སོལ་གཉེར་སྐྱོང་ཁེ་ལས་ནས་བཀོལ་སྤྱོད་བྱེད་མཁན་ལ་མཁོ་འདོན་བྱ་རྒྱུའི་རྡོ་སོལ་གྱི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མཐུན་དགོས་པ་དང་། སྤུས་ཚད་དང་རིམ་པ་མཐུན་པ་དང་། སྤུས་ཚད་དང་རིན་གོང་མཐུན་པ་ཡིན་དགོས། བཀོད་སྤྱོད་བྱེད་མཁན་གྱིས་རྡོ་སོལ་གྱི་སྤུས་ཚད་ཐད་དམིགས་བསལ་གྱི་བླང་བྱ་བཏོན་ཡོད་ན་སྤྲོད་མཁོ་ཕྱོགས་གཉིས་ཀྱིས་རྡོ་སོལ་ཉོ་ཚོང་གན་རྒྱའི་ནང་ཁ་དན་འཇོག་རྒྱུ།

རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་རྡོ་སོལ་གཉེར་སྐྱོང་ཁེ་ལས་ཀྱིས་རྡོ་སོལ་ནང་འདྲ་མ་འདྲེས་པ་དང་རྫུན་མ་བསྲེས་ནས་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་བྱས་མི་ཆོག

 

དོན་ཚན་ཞེ་དྲུག་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་རྡོ་སོལ་གཉེར་སྐྱོང་ཁེ་ལས་ནས་བཀོལ་སྤྱོད་བྱེད་མཁན་ལ་མཁོ་འདོན་བྱས་པའི་རྡོ་སོལ་གྱི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་ཚད་གཞིའམ་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པ་དང་། ཡང་ན་གན་རྒྱའི་ནང་ཁ་ཆད་བཞག་དོན་དང་མི་མཐུན་པ། ཡང་ན་སྤུས་ཚད་དང་རིམ་པ་མི་མཐུན་པ་དང་། སྤུས་ཚད་དང་རིན་གོང་མི་མཐུན་པའི་དབང་གིས་བཀོལ་སྤྱོད་བྱེད་མཁན་ལ་གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་གྱོང་གུན་གསབ་སྤྲོད་བྱེད་དགོས།

 

དོན་ཚན་ཞེ་བདུན་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་། རྡོ་སོལ་གཉེར་སྐྱོང་ཁེ་ལས། སྐྱེལ་འདྲེན་ཁེ་ལས། རྡོ་སོལ་བཀོལ་སྤྱོད་བྱེད་མཁན་བཅས་ཀྱིས་བཅའ་ཁྲིམས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་སམ་གན་རྒྱའི་ནང་ཁ་ཆད་བཞག་དོན་ལྟར་རྡོ་སོལ་མཁོ་འདོན་དང་སྐྱེལ་འདྲེན། འདོན་འཇུག་བཅས་བྱ་དགོས།

སྐྱེལ་འདྲེན་ཁེ་ལས་ཀྱིས་སྐྱེལ་འདྲེན་བྱ་རྒྱུའི་སྤུས་ཚད་མི་འདྲ་བའི་རྡོ་སོལ་རྣམས་སོ་སོར་ཕྱེ་ནས་འཇུག་རྒྱུ་དང་སོ་སོར་ཕྱེ་ནས་སྤུང་དགོས།

 

དོན་ཚན་ཞེ་བརྒྱད་པ། རྡོ་སོལ་ཕྱིར་གཏོང་ནང་འདྲེན་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་གཅིག་གྱུར་གྱིས་དོ་དམ་བྱ་རྒྱུ།

ཆ་རྐྱེན་འཛོམས་པའི་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཆེ་གྲས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ཆོག་མཆན་བཀོད་རྗེས་རྡོ་སོལ་ཕྱིར་གཏོང་གི་གཉེར་སྐྱོང་བྱེད་དབང་ཡོད།

 

དོན་ཚན་ཞེ་དགུ་པ། རྡོ་སོལ་གཉེར་སྐྱོང་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅའ་ཁྲིམས་འདི་གཞིར་བཟུང་ནས་གཏན་འབེབས་བྱ་རྒྱུ།

 

ལེའུ་ལྔ་པ། རྡོ་སོལ་འདོན་ཁུལ་གྱི་སྲུང་སྐྱོང་སྐོར།

 

དོན་ཚན་ལྔ་བཅུ་པ། སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་རྡོ་སོལ་འདོན་ཁུལ་གྱི་གློག་ཤུགས་དང་། འཕྲིན་སྐྱེལ། ཆུ་ཁུངས། འགྲིམ་འགྲུལ། ཐོན་སྐྱེད་སྒྲིག་བཀོད་གཞན་དག་བཅས་ལ་གནོད་སྐྱོན་བཏང་མི་ཆོག

སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་རྡོ་སོལ་འདོན་ཁུལ་གྱི་ཐོན་སྐྱེད་སྒྲིག་ལམ་དང་ལས་ཀའི་སྒྲིག་ལམ་དཀྲུགས་པར་གཏན་འགོག་བྱ་དགོས།

 

དོན་ཚན་ང་གཅིག་པ། རྡོ་སོལ་འདོན་ཁུལ་གྱི་སྒྲིག་བཀོད་དང་ཡོ་བྱད་རྐུ་ཁྱེར་རམ་གཏོར་བཤིག་གཏོང་བ་དང་། རྡོ་སོལ་འདོན་ཁུལ་གྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་བྱ་སྤྱོད་གཞན་དག་ལ་སྡེ་ཚན་དང་སྐྱེ་བོ་ཚང་མར་ཐེར་འདོན་དང་ཞུ་སྦྱོར་ཐེར་འདོན་བྱེད་དབང་ཡོད།

 

དོན་ཚན་ང་གཉིས་པ། རྡོ་སོལ་འདོན་ཁུལ་གྱི་་ཁེ་ལས་མོས་མཐུན་མ་བྱུང་བར་སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ལ་ཁྲིམས་ལྟར་ས་ཞིང་སྤྱོད་དབང་ཐོབ་པའི་གོ་ཆོད་པའི་ཡུན་ཚད་ནང་ས་ཞིང་དེའི་ཐོག་འདེབས་འཛུགས་དང་། གསོ་སྤེལ། ས་ལེན་པ་བཅས་སམ་ཡང་ན་ཁང་པ་ལས་པ་དང་བཟོ་བཀོད་དངོས་པོ་སྐྲུན་པ་བཅས་བྱས་མི་ཆོག

 

དོན་ཚན་ང་གསུམ་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་མོས་མཐུན་མ་བྱུང་བར་སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་ཆེད་སྤྱོད་ལྕགས་ལམ་དང་། ཆེད་སྤྱོད་འགྲོ་ལམ། ཆེད་སྤྱོད་གྲུ་ལམ། ཆེད་སྤྱོད་གྲུ་ཁ། གློག་ཤུགས་ཆེད་སྤྱོད་སྐུད་ལམ། ཆེད་སྤྱོད་ཆུ་འདྲེན་སྦུགས་ལམ་བཅས་བཟུང་སྤྱོད་བྱས་མི་ཆོག

 

དོན་ཚན་ང་བཞི་པ། སྡེ་ཚན་གང་ངམ་སྐྱེ་བོ་སུ་ཞིག་ཡིན་རུང་རྡོ་སོལ་འདོན་ཁུལ་གྱི་སྔོག་འདོན་བྱེད་ཁོངས་ནང་རྡོ་སོལ་འདོན་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་ལས་ཀ་བྱ་དགོས་ཚེ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་མོས་མཐུན་འབྱུང་དགོས་པ་དང་འབྲེལ་རྡོ་སོལ་དོ་དམ་སྡེ་ཁག་ལ་ཆོག་མཆན་ཞུ་རྒྱུ་མ་ཟད་བདེ་སྲུང་བྱེད་ཐབས་སྤྱད་རྗེས་གཞི་ནས་ལས་ཀ་བྱས་ཆོག

རྡོ་སོལ་འདོན་ཁུལ་གྱི་ཁྱབ་ཁོངས་ནང་སྤྱི་སྤྱོད་བཟོ་སྐྲུན་ནམ་བཟོ་སྐྲུན་གཞན་དག་འཛུགས་སྐྲུན་བྱ་དགོས་ན། འབྲེལ་ཡོད་སྡེ་ཚན་གྱིས་སྔོན་ཚུད་ནས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་རྗེས་གཞི་ནས་ཨར་ལས་བྱས་ཆོག

 

ལེའུ་དྲུག་པ། ལྟ་སྐུལ་དང་ཞིབ་བཤེར་སྐོར།

 

དོན་ཚན་ང་ལྔ་པ། རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་རྡོ་སོལ་གཉེར་སྐྱོང་ཁེ་ལས་ཀྱིས་རྡོ་སོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ།

 

དོན་ཚན་ང་དྲུག་པ། རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་མི་སྣས་རྡོ་སོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་མངའ་ལོན་པ་དང་། རྡོ་སོལ་གྱི་ཆེད་ལས་སྐོར་གྱི་ལག་རྩལ་ཁོང་དུ་ཆུད་པ་བྱས་ནས་གཞུང་དྲང་སྤྱོད་གཙང་དང་ཁྲིམས་བསྟར་དྲང་གཞག་བྱ་དགོས།

 

དོན་ཚན་ང་བདུན་པ། རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་། རྡོ་སོལ་གཉེར་སྐྱོང་ཁེ་ལས་སམ་བཀོལ་སྤྱོད་བྱེད་མཁན་ལ་རྡོ་སོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ཤེས་རྟོགས་དང་འབྲེལ་ཡོད་དཔྱད་ཡིག་ཀློག་བཤེར་བྱེད་དབང་ཡོད་པ་དང་། ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པར་འགྲོ་དབང་ཡོད།

རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་། རྡོ་སོལ་གཉེར་སྐྱོང་ཁེ་ལས། བཀོལ་སྤྱོད་བྱེད་མཁན་བཅས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་གྱི་ལས་འགན་སྒྲུབ་མཁན་གྱི་རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་མི་སྣར་སྟབས་བདེ་བསྐྲུན་དགོས།

 

དོན་ཚན་ང་བརྒྱད་པ། རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་མི་སྣས་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་དང་རྡོ་སོལ་གཉེར་སྐྱོང་ཁེ་ལས་ཀྱིས་རྡོ་སོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་བར་དེར་ཁྲིམས་ལྟར་ཡོ་བསྲང་བྱ་རྒྱུའི་བླང་བྱ་འདོན་དབང་ཡོད།

རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་མི་སྣས་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་ལག་ཁྱེར་སྟོན་དགོས།

 

ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲིའི་སྐོར།

 

དོན་ཚན་ང་དགུ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་བཞི་པའི་གཏན་འབེབས་དང་འགལ་ཏེ་རྡོ་སོལ་ཐོན་ཁུངས་སྔོག་འདོན་བྱས་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྡོ་སོལ་དོ་དམ་སྡེ་ཁག་གིས་གཏན་འབེབས་བྱས་པའི་རྡོ་སོལ་ཐོན་ཁུངས་བསྐྱར་འདོན་བྱེད་ཚད་དུ་སླེབས་མེད་ན། རྡོ་སོལ་དོ་དམ་སྡེ་ཁག་གིས་དེར་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ནའང་སྔར་བཞིན་གཏན་འབེབས་བྱས་པའི་བསྐྱར་འདོན་ཚད་ཟིན་མེད་ན། དེར་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ།

 

དོན་ཚན་དྲུག་ཅུ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་དང་འགལ་ཏེ་རང་འདོད་ཀྱིས་བདེ་སྲུང་གི་རྡོ་སོལ་ཀ་གཟུགས་སྔོག་འདོན་བྱས་པའམ་ཉེ་འཁོར་གྱི་རྡོ་སོལ་འདོན་ཁུལ་གྱི་ཐོན་སྐྱེད་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་ཉེན་ཡོད་བྱེད་ཐབས་སྤྱད་དེ་གཏེར་འདོན་ལས་སྒྲུབ་བྱེདརིགས་ལ་ངལ་རྩོལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྡོ་སོལ་དོ་དམ་སྡེ་ཁག་དང་མཉམ་དུ་ལས་སྒྲུབ་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། རྡོ་སོལ་དོ་དམ་སྡེ་ཁག་གིས་དེའི་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། གྱོང་གུན་བཟོས་པ་ཡིན་ན། ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།

 

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་འདིའི་དོན་ཚན་ཞེ་ལྔ་པའི་གཏན་འབེབས་དང་འགལ་ཏེ་རྡོ་སོལ་ཐོན་རྫས་ནང་འདྲ་མ་འདྲེས་པ་དང་རྫུན་མ་བསྲེས་ནས་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་ཡིན་ན། དེར་ཕྱིར་འཚོང་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

 

དོན་ཚན་རེ་གཉིས་པ། བཅའ་ཁྲིམས་འདིའི་དོན་ཚན་ང་གཉིས་པའི་གཏན་འབེབས་དང་འགལ་ཏེ་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་མོས་མཐུན་མ་བྱུང་བར་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ལ་ཁྲིམས་ལྟར་ས་ཞིང་སྤྱོད་དབང་ཐོབ་པའི་གོ་ཆོད་པའི་ཡུན་ཚད་ནང་ས་ཞིང་དེའི་ཐོག་ཁང་པ་ལས་པ་དང་བཟོ་བཀོད་དངོས་པོ་བསྐྲུན་པའི་རིགས་ལ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་བཤིག་པར་སྐུལ་སློང་བྱ་རྒྱུ་དང་། བཤིག་རྒྱུ་ཁས་མི་ལེན་པའི་རིགས་ལ་བཤིག་དགོས་པའི་བཀའ་བཀོད་གཏོང་རྒྱུ།

 

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་ང་གསུམ་པའི་གཏན་འབེབས་དང་འགལ་ཏེ་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་མོས་མཐུན་མ་བྱུང་བར་རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་ཆེད་སྤྱོད་ལྕགས་ལམ་དང་། ཆེད་སྤྱོད་འགྲོ་ལམ། ཆེད་སྤྱོད་གྲུ་ལམ། ཆེད་སྤྱོད་གྲུ་ཁ། གློག་ཤུགས་ཆེད་སྤྱོད་སྐུད་ལམ། ཆེད་སྤྱོད་ཆུ་འདྲེན་སྦུགས་ལམ་བཅས་བཟུང་སྤྱོད་བྱས་རིགས་ལ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། བཙན་ཤེད་ཀྱིས་གཙང་སེལ་བྱ་རྒྱུ་དང་། སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག གྱོང་གུན་བཟོས་རིགས་ལ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།

 

དོན་ཚན་རེ་བཞི་པ། བཅའ་ཁྲིམས་འདིའི་དོན་ཚན་ང་བཞི་པའི་གཏན་འབེབས་དང་འགལ་ཏེ་ཆོག་མཆན་མ་ཐོབ་པའམ་བདེ་སྲུང་གི་བྱེད་ཐབས་མ་སྤྱད་པར་རྡོ་སོལ་འདོན་ཁུལ་གྱི་སྔོག་འདོན་བྱེད་ཁོངས་ནང་རྡོ་སོལ་འདོན་ཁུལ་གྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་ལས་ཀ་བྱས་ན། རྡོ་སོལ་དོ་དམ་སྡེ་ཁག་གིས་ལས་སྒྲུབ་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་དང་། སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་བཅད་ཆོག གྱོང་གུན་བཟོས་རིགས་ལ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།

 

དོན་ཚན་རེ་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་གྱི་ཆད་གཅོད་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།

(གཅིག)རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོས་ནས་རྡོ་སོལ་འདོན་ཁུལ་འཛུགས་སྐྲུན་རྒྱུན་ལྡན་ངང་བྱེད་ཐབས་བྲལ་བ་དང་།

(གཉིས།)རྡོ་སོལ་འདོན་ཁུལ་གྱི་གློག་ཤུགས་དང་། འཕྲིན་སྐྱེལ། ཆུ་ཁུངས། འགྲིམ་འགྲུལ་དང་དེ་བཞིན་ཐོན་སྐྱེད་སྒྲིག་བཀོད་གཞན་དག་བཅས་བསམ་བཞིན་དུ་གཏོར་བརླག་བཏང་རིགས།

(གསུམ།)རྡོ་སོལ་འདོན་ཁུལ་གྱི་སྒྲིག་ལམ་དཀྲུགས་ནས་ཐོན་སྐྱེད་དང་ལས་ཀ་རྒྱུན་ལྡན་ངང་བྱེད་ཐབས་བྲལ་བ་བཟོས་རིགས།

(བཞི།)ལྟ་སྐུལ་དང་ཞིབ་བཤེར་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་ཁས་མི་ལེན་པ་དང་འགོག་རྐྱེན་བཟོས་རིགས་བཅས་ཡིན།

 

དོན་ཚན་རེ་དྲུག་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་དོ་དམ་མི་སྣས་སྒྲིག་སྲོལ་དང་འགལ་ཏེ་བཀོད་འདོམས་བྱས་པ་དང་ལས་བཟོ་པར་བཙན་ཤེད་ཀྱིས་ཉེན་ཁ་ཆེ་བའི་ལས་ཀ་བྱེད་དུ་བཅུག་པའི་དབང་གིས་ཤི་རྨས་ཀྱི་བྱུར་རྐྱེན་ཚབས་ཆེན་བྱུང་ན། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

 

དོན་ཚན་རེ་བདུན་པ། རྡོ་སོལ་འདོན་ཁུལ་གྱི་ཁེ་ལས་ཀྱི་དོ་དམ་མི་སྣས་རྡོ་སོལ་འདོན་ཁུལ་གྱི་མངོན་མེད་རྐྱེན་ངན་སེལ་ཐབས་མ་བྱས་པས་ཤི་རྨས་ཀྱི་བྱུར་ཉེས་ཚབས་ཆེན་བྱུང་ན། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

 

དོན་ཚན་རེ་བརྒྱད་པ། རྡོ་སོལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣས་ཁུར་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བ་དང་། ཉེར་ཕྱོགས་གཡོ་ཟོལ་བྱས་པ། འགན་དབང་གང་བྱུང་དུ་སྤྱད་པ་བཅས་བྱས་རིགས་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

 

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

 

དོན་ཚན་རེ་དགུ་པ། བཅའ་ཁྲིམས་འདི་1996ལོའི་ཟླ་12ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号