ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས།
【ཁོངས་གཏོགས་རིམ་པའི་རྣམ་གྲངས།】 རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས་ཚིག་མཛོད།
【ཁོངས་གཏོགས་རྣམ་གྲངས།】 ཁྲིམས་ལུགས།
【ཁོངས་གཏོགས་ས་ཁུལ།】
【ཁྱབ་བསྒྲགས་སྡེ་ཁག】 རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
【ཁྱབ་བསྒྲགས་ཡིག་རྟགས།】 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་བཞི་ཅུ་པ།
【ཁྱབ་བསྒྲགས་དུས་ཚོད། 】 ༢༠༡༩ལོའི་ཟླ༡༢ཚེས༢༨ཉིན།
【ནུས་ཆོད་དུས་ཚོད།】 ༢༠༢༠ལོའི་ཟླ༧ཚེས༡ཉིན།
【ནུས་མེད་དུས་ཚོད།】
【ནུས་ཤུགས་འདོན་ཚུལ།】 ནུས་ལྡན།
བཅའ་ཁྲིམས་འདིའི་བཅོས་བསྒྱུར་ལོ་རྒྱུས།
གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས་ནི་༢༠༡༩ལོའི་ཟླ༡༢ཚེས༢༨ཉིན་ཁྱབ་བསྒྲགས་དང་༢༠༢༠ལོའི་ཟླ༧ཚེས་༡ཉིན་ལག་བསྟར་བྱས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས》་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བཅོ་ལྔ་པའི་ཚོགས་འདུ་༢༠༡༩ལོའི་ཟླ༡༠ཚེས༢༦ཉིན་གྲོས་འཆམ་བྱུང་སྟེ་ཁྱབ་བསྒྲགས་བྱས། ༢༠༢༠ལོའི་ཟླ༧པའི་ཚེས༡ཉིན་ནས་ལག་བསྟར་བྱ་དགོས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།
༢༠༡༩ལོའི་ཟླ༡༢ཚེས༢༨ཉིན།
དཀར་ཆག
ས་བཅད་དང་པོ། སྤྱིའི་དོན་ཚན།
ས་བཅད་གཉིས་པ། སྒྲིག་གཞི། མི་སྣ་དང་དང་ལེན།
ས་བཅད་གསུམ་པ། ཐག་གཅོད་དང་དང་ལེན།
ས་བཅད་བཞི་པ། ལྟ་སྐུལ་དོ་དམ།
ས་བཅད་ལྔ་བ། སློབ་གསོ་རོགས་སྐྱོར།
ས་བཅད་དྲུག་པ། སྒྲོལ་བ་དང་མཚམས་འཇོག་པ།
ས་བཅད་བདུན་པ། ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་གི་དམིགས་བསལ་སྒྲིག་ལམ།
ས་བཅད་བརྒྱད་པ། ཁྲིམས་ལུགས་འགན་འཁྲི།
ས་བཅད་དགུ་བ། ཞར་བྱུང་དོན་ཚན།
ས་བཅད་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ། སྡེ་ཁུལ་ཡོ་བསྲང་ལས་དོན་ཚད་ལྡན་དང་སྐུལ་འདེད། ཉེས་དོན་ཁྲིམས་གཅོད་དང་ཉེས་དོན་ཐག་གཅོད། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་གྱི་ཐག་གཅོད་ཡང་དག་ཡིན་རྒྱུར་འགན་སྲུང་། སློབ་གསོ་ཡོ་བསྲང་གི་སྤུས་ཀ་མཐོར་འདེགས། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བདེ་ལག་ངང་སྤྱི་ཚོགས་སུ་ཞུགས་པར་སྐུལ་འདེད་དང་། ནག་ཉེས་བཟོ་བར་སྔོན་འགོག་དང་ཇེ་ཉུང་གཏོང་ཆེད་རྩ་ཁྲིམས་ལ་གཞིར་བཟུང་སྟེ་བཅའ་ཁྲིམས་འདི་གཏན་ལ་ཕབ།
དོན་ཚན་གཉིས་པ། ཁྲིམས་གཅོད་རྩིས་སྤྲོད་དོ་དམ་དང་ཁྲིམས་ཆད་ཕྱིར་འགྱངས་བསྒྲགས་པ། ཚོད་བགམ་གློད་འགྲོལ། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱ་དགོས་པའི་ཉེས་ཅན་ལ་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་དགོས།
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་སོགས་སྒྲུབ་པའི་བྱ་འགུལ་ལ་བཅའ་ཁྲིམས་འདི་སྤྱད་ན་ཆོག
དོན་ཚན་གསུམ་པ། སྡེ་ཁུལ་ཡོ་བསྲང་ལས་དོན་ཀྱིས་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་ཟུང་འབྲེལ། ཆེད་ལས་ལས་ཁུངས་དང་སྤྱི་ཚོགས་ནུས་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་རིགས་དགར་དོ་དམ་དང་བྱེ་བྲག་ཡོ་བསྲང་བེད་སྤྱད་དེ་དམིགས་པའི་སྒོ་ནས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་ཡང་བསྐྱར་ནག་ཉེས་བཟོ་བའི་རྒྱུ་རྐྱེན་སེལ་ནས་མི་དེ་ཁྲིམས་མཐུན་སྤྱི་དམངས་འགྱུར་བར་རོགས་རམ་བྱ་དགོས།
-གུ
དོན་ཚན་བཞི་བ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་ཁྲིམས་ལུགས་ལྟར་སྡེ་ཁུལ་གྱི་ཡོ་བསྲང་དང་ལེན་བྱས་ཏེ་ལྟ་སྐུལ་དོ་དམ་བརྩི་དགོས།
སྡེ་ཁུལ་ཡོ་བསྲང་ལས་དོན་ཁྲིམས་ལུགས་ལྟར་སྤེལ་ཏེ་མི་དབང་ལ་བརྩི་འཇོག་དང་འགན་སྲུང་བྱ་དགོས། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་ལུགས་ལྟར་ལྡན་པའི་མི་སྲོག་དབང་ཆ་དང་རྒྱུ་ནོར་དབང་ཆ། དེ་མིན་དབང་ཆ་གཞན་པར་གནོད་པ་མི་ཐེབས་ལ། ལས་ཞུགས་དང་སློབ་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་འཐད་ནས་མཐོང་ཆུང་ཐེབས་མི་སྲིད།
དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་དང་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་སྤེལ་བར་རྒྱབ་སྐྱོར་བྱ། སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་འབྲེལ་ཡོད་སྡེ་ཁག་བར་དུ་ཁྲིམས་ལུགས་ལྟར་ཆ་འཕྲིན་མཉམ་སྤྱོད་བྱ་དགོས།
དོན་ཚན་དྲུག་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྡེ་ཁུལ་ཡོ་བསྲང་གི་འགྲོ་གྲོན་རང་སྲིད་གཞུང་གི་སྔོན་རྩིས་ནང་དུ་འཇོག་དགོས།
གྲོང་མི་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་རྩ་འཛུགས་གཞན་པས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལས་དོན་སྤེལ་བར་མཁོ་བའི་འགྲོ་གྲོན་ལ་རམ་འདེགས་བྱས་ཏེ་སྒྲིག་ལམ་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་རང་སྲིད་གཞུང་གི་སྔོན་རྩིས་ནང་དུ་འཇོག་དགོས།
དོན་ཚན་བདུན་པ། སྡེ་ཁུལ་ཡོ་བསྲང་ལས་དོན་ཁྲོད་དུ་བྱས་རྗེས་སྔོན་ཐོན་བཞག་ཟིན་པའི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།
ས་བཅད་གཉིས་པ། སྒྲིག་གཞི། མི་སྣ་དང་དང་ལེན།
དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་གཙོ་གཉེར་བྱས། རྫོང་རིམ་པའི་གོང་གི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་དོན་གཙོ་གཉེར་བྱས་པ་རེད།
མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། འབྲེལ་ཡོད་སྡེ་ཁག་གཞན་པས་རང་གི་འོས་འགན་ལྟར་ཁྲིམས་ལུགས་བཞིན་སྡེ་ཁུལ་ཡོ་བསྲང་ལས་དོན་ཡག་པོར་སྒྲུབ་དགོས། མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཁྲིམས་ལུགས་ཀྱི་ལྟ་རྟོག་བྱ་དགོས།
ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོ་ལྟར་སྡེ་ཁུལ་ཡོ་བསྲང་ཨུ་ཡོན་ལྷན་ཁང་འཛུགས་དགོས་ལ། རང་སྲིད་འཛིན་ས་ཁོངས་ནང་གི་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ཀྱི་ལྟ་རྟོག མཛུབ་སྟོན་གྱི་འོས་འགན་འཁུར་དགོས།
དོན་ཚན་དགུ་བ། རྫོང་རིམ་པའི་གོང་གི་ས་གནས་མི་དམངས་སྲིད་གཞུང་གིས་དགོས་མཁོ་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་བཙུགས་ཏེ་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་ལག་བསྟར་དངོས་ཀྱི་འགན་འཁུར་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་རྩ་འཛུགས་དང་ཕྱིར་འཐེན་ནི་རྫོང་རིམ་པའི་གོང་གི་ས་གནས་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་གྱི་བསམ་འཆར་བཏོན་ཏེ་གཏན་འབེབས་བྱས་པའི་དབང་ཆ་དང་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་འགོད་དགོས།
ཁནརུམས་འཛིན་ཁང་གིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་མངག་བཅོལ་ལྟར་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་ལས་དོན་གྱི་འགན་ཁུར་དགོས།
དོན་ཚན་བཅུ་བ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ལུགས་སོགས་ཀྱི་ཆེད་ལས་ཤེས་བྱ་ལྡན་པའི་ཆེད་དམིགས་ཀྱི་རྒྱལ་ཁབ་ལས་དོན་མི་སྣ་(གཤམ་ནས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་ཞེས་འབོད།)བཀོད་སྒྲིག་བྱས་ཏེ་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་སོགས་ཀྱི་ཁྲིམས་འཛིན་འོས་འགན་ཁུར་དགོས།
དོན་ཚན་བཅུ་གཅིག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དགོས་མཁོ་ལྟར་ཁྲིམས་ལུགས་དང་སློབ་གསོ། སེམས་ཁམས། སྤྱི་ཚོགས་ལས་དོན་སོགས་ཀྱི་ཆེད་ལས་ཤེས་བྱའམ་ལག་ལེན་གྱི་ཉམས་མྱོང་ལྡན་པའི་སྤྱི་ཚོགས་ལས་དོན་སྒྲུབ་མཁན་རྩ་འཛུགས་བྱས་ཏེ་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་ལས་དོན་སྤེལ་དགོས།
དོན་ཚན་བཅུ་གཉིས་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་དོན་སྒྲུབ་པར་རོགས་རམ་བྱ་དགོས།
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་དང་ཁྱིམ་མི། ལས་ཁུངས་སམ་སློབ་གྲྭས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་དོན་སྒྲུབ་པར་རོགས་རམ་བྱ་དགོས།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱིས་ཁེ་ལས་ལས་དོན་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས། དང་བླངས་མི་སོགས་ཀྱིས་སྤྱི་ཚོགས་ཀྱི་ནུས་ཤུགས་ཀྱིས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཞུགས་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱ།
དོན་ཚན་བཅུ་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ་རང་འགན་ལ་བློ་དཀར་དང་སྒྲིག་ཁྲིམས་ལ་དམ་སྲུང་། དྲང་བདེན་སྤྱོད་གཙང་ཡིན་དགོས།
དོན་ཚན་བཅོ་ལྔ་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཞུགས་པའི་མི་སྣ་གཞན་པས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་གི་ལས་དོན་སྤེལ་བ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ།
དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་ཀྱིས་ཤེས་ཡོན་མཐོ་བའི་སྡེ་ཁུལ་ཡོ་བསྲང་ལས་དོན་རུ་དཔུང་རྩ་འཛུགས་བྱེད་པར་སྐུལ་འདེད་བྱས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་གི་ལས་དོན་མི་སྣའི་དོ་དམ་དང་ལྟ་སྐུལ། གསོ་སྦྱོང་། ལས་རིགས་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ་མུ་མཐུད་དུ་སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་ཚད་ལྡན་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།
ས་བཅད་གསུམ་པ། ཐག་གཅོད་དང་དང་ལེན།
དོན་ཚན་བཅུ་བདུན་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་པ་དང་ཁྲིམས་ཆད་ཕྱིར་འགྱངས་ཁྱབ་བསྒྲགས། ཚོད་བགམ་གློད་འགྲོལ། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་པ་ཐག་གཅོད་པའམ་ཆོག་མཆན་འགོད་སྐབས་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་ཡུལ་གཏན་ཁེལ་བྱ་དགོས།
སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་ཡུལ་ནི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སྡོད་གནས་ཡིན། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གནས་གང་མང་ན་བསྡད་ཡོད་ན་དུས་རྒྱུན་དུ་འདུག་པའི་གནས་དེ་ལག་བསྟར་བྱ་ཡུལ་ཏུ་གཏན་ཁེལ་བྱེད་ཆོག
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སྡོད་གནས་དང་བརྟན་སྡོད་ས་གནས་གཏན་ཁེལ་བྱས་མི་ཐུབ་པའམ་སྡེ་ཁུལ་ཡོ་བསྲང་གི་ལག་བསྟར་བྱེད་པར་མི་འཚམ་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཡོ་བསྲང་ལ་ཕན་ཞིང་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་སུ་ཞུགས་ཐུབ་པའི་རྩ་དོན་ལ་གཞིར་བཟུང་སྟེ་ལག་བསྟར་བྱ་ཡུལ་གཏན་ཁེལ་བྱ་དགོས།
བཅའ་ཁྲིམས་འདིའི་ནང་གི་སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ནི་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་པ་དང་ཁྲིམས་ཆད་ཕྱིར་འགྱངས་ཁྱབ་བསྒྲགས། ཚོད་བགམ་གློད་འགྲོལ། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་པ་ཐག་གཅོད་པའི་མི་དམངས་ཁྲིམས་ཁང་དང་ཁྲིམས་ལུགས་ལྟར་གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱས་ཆོག་པའི་བཙོན་ཁང་དོ་དམ་ལས་ཁུངས། སྤྱི་བདེ་ལས་ཁུངས་ལ་གོ།
དོན་ཚན་བཅོ་བརྒྱད་པ། སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ཀྱིས་དགོས་མཁོ་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སམ་འབྲེལ་ཡོད་ཀྱི་སྤྱི་ཚོགས་རྩ་འཛུགས་ལ་མངག་བཅོལ་བྱས་ཏེ་ཞུ་སྦྱོར་ཕྱི་མ་བའམ་ཉེས་ཅན་གྱི་སྤྱི་ཚོགས་ཉེན་ཁ་ཅན་དང་སྡོད་གནས་སྡེ་ཁུལ་ལ་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་གདེང་འཇོག་བྱས་ཏེ་བསམ་འཆར་བཏོན་ནས་སྡེ་ཁུལ་གྱིས་ཡོ་བསྲང་བྱེད་སྐབས་སུ་དཔྱད་གཞི་ཞིག་འདོན་སྤྲོད་བྱ་དགོས། གྲོང་མི་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཨུ་ཡོན་ལྷན་ཁང་སོགས་ཀྱི་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་རམ་འདེགས་བྱ་དགོས།
དོན་ཚན་བཅུ་དགུ་པ། སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ཀྱིས་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་པ་དང་ཁྲིམས་ཆད་ཕྱིར་འགྱངས་ཁྱབ་བསྒྲགས། ཚོད་བགམ་གློད་འགྲོལ་ཐག་བཅད་པ། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་པའི་ཐག་བཅད་པའམ་ཆོག་མཆན་འགོད་ན་ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་གོ་རིམ་ལྟར་སྒྲུབ་དགོས།
སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་གནང་སྟེ་ཡོ་བསྲང་བྱེད་སྐབས་བརྩི་སྲུང་བྱ་དགོས་པའི་སྒྲིག་ལམ་དང་དེ་མིན་སྒྲིག་ལམ་དང་འགལ་བའི་ཁྲིམས་ལུགས་མཇུག་འབྲས་གསལ་བཤད་བྱས་ཏེ་དུས་ལྟར་མིང་ཐོ་འགོད་པའི་འགན་དཀྲི་དགོས།
དོན་ཚན་ཉི་ཤུ་པ། སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ཀྱིས་ཉེས་ཆད་གཅོད་པ་དང་ཐག་གཅོད་བྱས་པ། ཡང་ན་ཐག་གཅོད་ཀྱིས་ནུས་པ་ཐོན་པའི་ཉིན་དེ་ནས་ཉིན་ལྔའི་ནང་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་བརྡ་གཏོང་དགོས་ལ། དེ་མིན་ཉིན་བཅུའི་ནང་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་འབྱོར་ཏེ་མི་དམངས་ཞིབ་དཔྱོད་ཁང་དང་ལག་བསྟར་བྱེད་ཡུལ་གྱི་སྤྱི་བདེ་ལས་ཁུངས་ལ་བཤུས་འབུལ་བྱ་དགོས།
སྡེ་ཁུལ་ཡོ་བསྲང་ཐག་གཅོད་བྱེད་ས་དང་ལག་བསྟར་བྱེད་ས་གནས་གཅིག་ན་མེད་པ་དེ་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་བཅའ་ཡིག་ས་དེ་གའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་ལ་བརྒྱུད་འབུལ་བྱ་དགོས།
དོན་ཚན་ཉེར་གཅིག་པ། མི་དམངས་ཁྲིམས་ཁང་གིས་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་བཅད་པ་དང་ཁྲིམས་ཆད་ཕྱིར་འགྱངས་ཁྱབ་བསྒྲགས། ཚོད་བགམ་གློད་འགྲོལ་གྱི་ཐག་བཅད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་ཉེས་ཆད་བཅད་པ་དང་ཐག་གཅོད་ཀྱིས་ནུས་པ་ཐོན་པའི་ཉིན་དེ་ནད་ཉིན་བཅུའི་ནང་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ནས་མིང་ཐོ་འགོད་དགོས།
མི་དམངས་ཁྲིམས་ཁང་གིས་ཐག་བཅད་པའི་གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་དགོས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་ཉེས་ཅན་ལྟ་སྲུང་ཁང་ངམ་ཁག་ཐེག་པ་བཙལ་ཏེ་ཞུ་བ་ལེན་རྒྱུ་བསྒུགས་པ་ལག་བསྟར་དང་སྡོད་གནས་ལྟ་རྟོག་བྱེད་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་འབྱོར་བའི་ཉིན་དེ་ནས་ཉིན་བཅུའི་ནང་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བསྐྱལ་དགོས།
བཙོན་ཁང་དོ་དམ་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་ཆོག་པའི་ཆོག་མཅན་བཀོད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་བཙོན་ཁང་ངམ་ཉེས་ཅན་ལྟ་སྲུང་ཁང་གིས་ཆོག་མཆན་ཐག་གཅོད་འབྱོར་བའི་ཉིན་དེ་ནས་ཉིན་བཅུའི་ནང་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བསྐྱལ་དགོས།
དོན་ཚན་ཉེར་གཉིས་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དང་ལེན་བྱེད་དགོས་ལ། བཅའ་ཡིག་ཞིབ་བསྡུར་དང་ཐོབ་ཐང་ཞིབ་བཤེར། དང་ལེན་ཐོ་འགོད་སྒྲུབ་པ། ཡིག་ཚགས་བཀོད་དེ་སྡེ་ཁུལ་ཡོ་བསྲང་ཡྔ་ཡུལ་གྱི་ཉེས་སྤྱོད་དོན་དངོས་དང་སྡེ་ཁུལ་ཡོ་བསྲང་གི་ལག་བསྟར་དུས་ཡུན། དེ་མིན་བརྩི་སྲུང་བྱ་དགོས་པའི་སྒྲིག་ལམ་ཁྱབ་བསྒྲགས་བྱ་དགོས།
ས་བཅད་བཞི་པ། ལྟ་སྐུལ་དོ་དམ།
དོན་ཚན་ཉེར་གསུམ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་སྡེ་ཁུལ་ཡོ་བསྲང་བྱེད་སྐབས་བཅའ་ཁྲིམས་དང་སྲིད་འཛིན་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ་ཁྲིམས་གཅོད་དང་བཀའ་བཅད། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་ཐག་གཅོད་སོགས་ཀྱི་བཅའ་ཁྲིམས་ཡིག་ཆ་གཏན་ཁེལ་བྱས་པའི་འོས་འགན་ལག་བསྟར་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་སྙན་ཞུ་དང་མགྲོན་བསུ། ཕྱིར་འགྲོ། གནས་སྤོ། ཁག་ཐེག་བཙུགས་ནས་བཙོན་ཁང་གི་ཕྱི་ལ་སྨན་བཅོས་བྱེད་དུ་འཇུག་པ་སོགས་ཀྱི་ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་བརྩི་སྲུང་བྱས་ཏེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་དོ་དམ་སྲུང་དགོས།
དོན་ཚན་ཉེར་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་གཅོད་ཀྱི་ནང་དོན་དང་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཕོ་མོ་དང་ལོ་ཚོད། སེམས་ཁམས་ཁྱད་ཆོས། ལུས་ཕུང་བདེ་ཐང་། ཉེས་བཟོ་རྒྱུ་རྐྱེན། ཉེས་བ་བཟོ་རིགས། ཉེས་བཟོའི་གནས་ཚུལ། རང་ཉེས་འགྱོད་བཤགས་ཀྱི་གནས་ཚུལ་སོགས་ལ་གཞིགས་ཏེ་དམིགས་སའི་རང་བཞིན་གྱི་ཡོ་བསྲང་ཇུས་གཞི་གཏན་འབེབས་བྱས་ཏེ་རིགས་དབྱེའི་དོ་དམ་དང་བྱེ་བྲག་ཡོ་བསྲང་མངོན་འགྱུར་བྱ་དགོས། ཡོ་བསྲང་ཇུས་གཞི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་རྣམ་འགྱུར་སོགས་ལ་གཞིགས་ཏེ་དེར་མཐུན་གྱི་ལེགས་སྒྲིག་བྱ་དགོས།
དོན་ཚན་ཉེར་ལྔ་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་གནས་ཚུལ་ལྟར་དེ་ལ་ཡོ་བསྲང་ཚོགས་ཆུང་གཏན་ཁེལ་བྱས་ཏེ་དེར་མཐུན་གྱི་ཡོ་བསྲང་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བའི་འོས་འགན་ཁུར་དགོས།
དགོས་མཁོ་ལྟར་ཡོ་བསྲང་ཚོགས་ཆུང་གི་ཚོགས་མི་ནི་ཁྲིམས་འཛིན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་། སྡེ་མི་ཨུ་ཡོན་ལྷན་ཁང་གི་མི་སྣ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་དང་ཁྱིམ་མི། ལས་ཁུངས་སམ་སློབ་གྲྭར་གནས་བའི་མི་སྣ། དེ་མིན་སྤྱི་ཚོགས་ལས་དོན་སྒྲུབ་མཁན་དང་དང་བླངས་པ་སོགས་ཀྱིས་གྲུབ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་མོ་ཡིན་ན་ཡོ་བསྲང་ཚོགས་ཆུང་ནང་དུ་ཚོགས་མི་མོ་རིགས་ཡོད་དགོས།
དོན་ཚན་ཉེར་དྲུག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་བྱ་འགུལ་གནས་ཚུལ་དང་བྱ་སྤྱོད་རྣམ་འགྱུར་ལ་རྒྱུས་ལོན་ཡག་ཤོས་བྱ་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འཕྲིན་གཏོང་འབྲེལ་གཏུག་དང་ཆ་འཕྲིན་ཅན་གྱི་ཞིབ་བཤེར། ཡུལ་དངོས་རྩད་གཅོད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་བྱ་དགོས། འབྲེལ་ཡོས་སྡེ་ཁག་དང་མི་སྒེར་གྱིས་མཐུན་སྦྱོར་ཡག་པོ་བྱ་དགོས།
སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཡུལ་དངོས་རྩད་གཅོད་སོགས་ཀྱི་ལས་དོན་སྤེལ་དུས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཐོབ་ཐང་ཆ་འཕྲིན་དང་མི་སྒེར་གྱི་གསང་བ་སྲུང་དགོས།
དོན་ཚན་ཉེར་བདུན་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་སྡོད་གནས་བྱེད་སའི་གྲོང་ཁྱེར་དང་རྫོང་ཐོག་ནས་ཁ་བྲལ་བའམ་གནས་སྤོ་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལུགས་མཐུན་རྒྱུ་རྐྱེན་ཡིན་པར་ཆོག་མཆན་འགོད་དགོས། རྒྱུན་ལྡན་གྱི་ལས་དོན་དང་འཚོ་བའི་ཆེད་དུ་དུས་རྒྱུན་དུ་གྲོང་ཁྱེར་དང་རྫོང་ཐོག་བརྒལ་དགོས་ན་གནས་ཚུལ་ལ་གཞིགས་ཏེ་ཆོག་མཆན་བརྒྱུད་རིམ་དང་བྱེད་ཐབས་སྟབས་བདེ་བྱེད་ན་ཆོག
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཀྱིས་གནས་སྤོ་བ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ལག་བསྟར་བྱ་ཡུལ་བརྗེས་དགོས་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འབྲེལ་ཡོད་སྒྲིག་ལམ་ལྟར་བརྗེ་སྤོར་ཐག་གཅོད་བྱ་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་བརྗེ་སྤོར་ཐག་གཅོད་བྱས་རྗེས་སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་དང་བརྗེ་སྤོར་བྱས་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་བརྡ་གཏོང་དགོས་ལ། འབྲེལ་ཡོད་ཀྱི་བཅའ་ཡིག་བརྗེ་སྤོར་བྱས་རྗེས་ཀྱི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་བཤུས་འབུལ་བྱ་དགོས། བརྗེ་སྤོར་བྱས་རྗེས་ཀྱིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་བཅའ་ཡིག་གནས་དེའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་ལ་བརྒྱུད་སྤྲོད་བྱ་དགོས།
དོན་ཚན་ཉེར་བརྒྱད་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་རྣམ་འགྱུར་ལ་གཞིགས་ཏེ་འབྲེལ་ཡོད་ཀྱི་སྒྲིག་ལམ་ལྟར་དེར་དཔྱད་ཞིབ་ངང་བྱ་དགའ་ཆད་གཅོད་ལག་བསྟར་བྱ་དགོས། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་ཉེས་པ་ངེས་ལེན་དང་འགྱོད་བཤགས། བཅའ་ཁྲིམས་སྒྲིག་སྲོལ་བརྩི་སྲུང་། ལྟ་སྐུལ་དོ་དམ་སྲུང་བ། སློབ་གསོ་དང་ལེན་བྱས་ཏེ་རྣམ་འགྱུར་འབུར་ཐོན་ཡིན་ན་གཟེངས་བསྟོད་བྱ་དགོས། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་བཅའ་ཁྲིམས་སྒྲིག་སྲོལ་ལམ་ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་དང་འགལ་ན་གནས་ཚུལ་ལ་གཞིགས་ཏེ་ཁྲིམས་ལུགས་ལྟར་བསླབ་བྱ་གཏོང་བ་དང་ཐ་ཚིག་སྒྲོག་པ། སྤྱི་བདེ་ལས་ཁུངས་ལ་ཞུ་བ་ཞུས་ཏེ་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་དགོས་པའམ་ཡང་ན་ཁྲིམས་ལུགས་ལྟར་ཞུ་བ་ཞུས་ཏེ་ཉེས་ཆད་ཕྱིར་འགྱངས་ཕྱིར་འཐེན་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་པ་ཕྱིར་འཐེན་བྱ་དགོས།
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཞིབ་དཔྱད་མཇུག་འབྲས་དེ་ནི་མི་དེ་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ངོ་མ་ཡོད་མེད་དམ་ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་ལ་ཚབས་ཆེན་འགལ་ཡོད་མེད་ཀྱི་གཞི་འཛིན་ས་ཡིན།
དོན་ཚན་ཉེར་དགུ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་གཤམ་གྱི་གནས་ཚུལ་གཅིག་ལྡན་ཚེ་རྫོང་རིམ་པའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་འགན་མིས་ཆོག་མཆན་བཀོད་དེ་གློག་རྡུལ་གནས་ཐིག་གཏན་ཁེལ་གྱི་སྒྲིག་ཆས་སྤྱད་དེ་ལྟ་སྐུལ་དོ་དམ་ཤུགས་སྣོན་རྒྱག་དགོས།
གཅིག མི་དམངས་ཁྲིམས་ཁང་གྱི་བཀག་རྒྱ་དང་འགལ་བ།
གཉིས། ལུགས་མཐུན་རྒྱུ་རྐྱེན་མེད་པ་དང་ཆོག་མཆན་མ་ཐོབ་པར་སྡོད་གནས་བྱེད་སའི་གྲོང་ཁྱེར་རམ་རྫོང་ཐོག་ནས་བྲལ་བ།
གསུམ། སྒྲིག་ལམ་ལྟར་རང་ཉིད་ཀྱི་འགུལ་སྤྱོད་གནས་ཚུལ་སྙན་ཞུ་མི་བྱེད་པར་ཐ་ཚིག་སྒྲོག་ཟིན་པ།
བཞི། ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་དང་འགལ་ཏེ་བདེ་སྲུང་དོ་དམ་གྱི་ཆད་པ་བཅད་པ།
ལྔ། ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ལམ་གནས་སྐབས་སུ་བཙོན་ཁང་ཕྱི་ནས་བཙོན་འཇུག་ལག་བསྟར་ཕྱིར་འཐེན་གྱི་ཞུ་བ་ཞུས་པ།
དོན་ཚན་གོང་མས་གཏན་ལ་ཕབ་པའི་གློག་རྡུལ་གནས་ཐིག་གཏན་ཁེལ་གྱི་སྒྲིག་ཆས་སྤྱད་པའི་དུས་ཡུན་ཟླ་གསུམ་ལས་བརྒལ་མི་རུང་། མུ་མཐུད་ནས་སྤྱོད་མི་དགོས་པ་དག་དུས་ཐོག་ཏུ་མེད་པར་བྱ་དགོས། དུས་ཡུན་རྫོགས་རྗེས་གདེང་འཇོག་བྱས་ཏེ་མུ་མཐུད་དུ་སྤྱོད་པའི་དགོས་པ་ལྡན་ཚེ་ཆོག་མཆན་བཀོད་དེ་དུས་ཡུན་ཇེ་རིང་དུ་གཏོང་ཆོག་ལ། ཐེངས་རེེ་ཟླ་གསུམ་ལས་བརྒལ་མི་རུང་།
སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་གློག་རྡུལ་གྱི་གནས་ཐིག་གཏན་ཁེལ་སྒྲིག་ཆས་བརྒྱུད་དེ་ཐོབ་པའི་ཆ་འཕྲིན་གསང་སྦས་བྱ་དགོས། འབྲེལ་ཡོད་ཆ་འཕྲིན་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་སྤྱོད་དགོས་པ་ལས་སྤྱོད་སྒོ་གཞན་པར་སྤྱད་མི་ཆོག
དོན་ཚན་སུམ་ཅུ་པ། འབྲེལ་ཐག་ཆད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཡོད་ཚེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་མྱུར་དུ་འཚོལ་ཞིབ་རྩ་འཛུགས་བྱེད་དགོས་ལ། སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་དང་མི་སྣས་རམ་འདེགས་བྱ་དགོས། འཚོལ་ཞིང་བྱས་ཏེ་རྙེད་རྗེས་གནས་ཚུལ་ལ་གཞིགས་ཏེ་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་སོ་གཅིག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་དང་འགལ་བའི་བྱ་བ་སྒྲུབ་བཞིན་ཡོད་པའམ་མི་དམངས་ཁྲིམས་ཁང་གི་བཀག་རྒྱ་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་སྒྲུབ་པ་ཤེས་ཚེ་མྱུར་དུ་བཀག་འགོག་བྱ་དགོས། བཀག་འགོག་བྱས་ཏེ་འབྲས་བུ་མེད་ན་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཡུལ་དངོས་སུ་ཐོན་ནས་ཐག་གཅོད་བྱ་དགོས།
དོན་ཚན་སོ་གཉིས་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་ལུགས་ལྟར་བཀག་སྐྱིལ་བྱེད་དགོས་པ་དང་བཙན་གྱིས་ལོགས་སུ་བཀར་ཏེ་དུག་གཅོད་དགོས་པ། ཉེས་དོན་གྱིས་བཙན་ཤེད་བྱེད་ཐབས་སོགས་སྤྱད་དེ་རང་དབང་བཀག་སྡོམ་བྱས་ན་འབྲེལ་ཡོད་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་བརྡ་གཏོང་དགོས།
དོན་ཚན་སོ་གསུམ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཉེས་ཁྲིམས་ཀྱི་སྒྲིག་ལམ་དང་མཐུན་ཏེ་ཁྲིམས་ཆད་ཇེ་ཡང་དུ་གཏོང་ཐུབ་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་ལག་བསྟར་བྱ་ཡུལ་གྱི་འབྲིང་རིམ་ཡན་གྱི་མི་དམངས་ཁྲིམས་ཁང་ལ་ཁྲིམས་ཆད་ཇེ་ཡང་དུ་གཏོང་དགོས་པའི་བསམ་འཆར་བཏོན་ཏེ་བསམ་འཆར་ཡི་གེ་རིམ་པ་མཉམ་པའི་མི་དམངས་ཞིབ་དཔྱོད་ཁང་དུ་ཞུས་འབུལ་བྱ་དགོས།
མི་དམངས་ཁྲིམས་ཁང་གིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ཁྲིམས་ཡང་བསམ་འཆར་ཡི་གེ་འབྱོར་བའི་ཉིན་སུམ་ཅུའི་ནང་བཀའ་བཅད་གཏོང་སྟེ་བཀའ་བཅད་ཡི་གེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་སུ་བསྐྱལ་དགོས་ལ། ཞོར་དུ་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་ལས་ཁུངས་སུ་ཞུས་འབུལ་བྱ་དགོས།
དོན་ཚན་སོ་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་དོན་སྤེལ་ན་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། སྡེ་ཁུལ་ཡོ་བསྲང་གི་ཐབས་ཤེས་དང་བཀོད་པ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་རྒྱུན་ལྡན་ལས་དོན་དང་འཚོ་བར་ངེས་པ་མེད་པའི་ཤུགས་རྐྱེན་བཟོ་བར་གཡོལ་དགོས། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་ལས་གཞན་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་རང་དབང་ལ་བཀག་འགོག་གམ་ཐབས་ཤེས་གཞན་གྱིས་ཚོད་འཛིན་བྱེད་མི་ཆོག
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་པར་འདོད་ན་མི་དམངས་ཞིབ་དཔྱོད་ཁང་ངམ་འབྲེལ་ཡོད་ལས་ཁུངས་ལ་གཏུག་བཤེར་དང་ཉེས་འདོན་བྱེད་དབང་ཡོད། ལག་ལེན་བྱེད་པའི་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ནུས་པ་སྐུལ་སློང་བྱས་ཏེ་སློབ་གསོ་རོགས་སྐྱོར་གྱི་ལས་དོན་ལ་ཞུགས་སུ་འཇུག་དགོས།
ས་བཅད་ལྔ་བ། སློབ་གསོ་རོགས་སྐྱོར།
དོན་ཚན་སོ་ལྔ་པ། རྫོང་རིམ་པའི་གོང་གི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྣམ་པ་གང་མང་བརྒྱུད་དེ་སློབ་གསོ་རོགས་སྐྱོར་བྱེད་དགོས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་དགོས་ངེས་ཀྱི་ས་གནས་དང་ཆ་རྐྱེན་ལ་མཁོ་འདོན་བྱས་ཏེ་སྤྱི་ཚོགས་ནུས་པ་རྩ་འཛུགས་བྱས་ཏེ་སློབ་གསོ་རོགས་སྐྱོར་གྱི་ལས་དོན་ནང་དུ་ཞུགས་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་མི་དམངས་མང་ཚོགས་ཀྱིས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་སློབ་གསོ་རོགས་སྐྱོར་ལས་དོན་ལ་རམ་འདེགས་བྱ་དགོས།
དོན་ཚན་སོ་དྲུག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དགོས་མཁོ་ལྟར་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་སྐྱོང་དང་ཀུན་སྤྱོད་སོགས་ཀྱི་སློབ་གསོ་གནང་སྟེ་དེའི་ཁྲིམས་སྐྱོང་འདུ་ཤེས་དང་དེའི་མི་སྤྱོད་ཀུན་ཤེས། འགྱོད་བཤགས་འདུ་ཤེས་ཇེ་མཐོར་གཏོང་དགོས།
སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སློབ་གསོ་ནི་རང་སྒེར་གྱི་ཁྱད་ཆོས་དང་ནམ་རྒྱུན་གྱི་རྣམ་འགྱུར་སོགས་དངོས་ཡོད་གནས་ཚུལ་ལྟར་ཕྱོགས་ཡོངས་ནས་ལས་དོན་དང་འཚོ་བའི་གནས་ཚུལ་ལ་གཞིགས་ཏེ་མིའི་བབ་དང་བསྟུན་ནས་སློབ་ཁྲིད་གནང་དགོས།
དོན་ཚན་སོ་བདུན་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་མཐུན་སྦྱོར་བྱས་ཏེ་ཁྲིམས་ལུགས་ལྟར་ལས་ཞུགས་ལ་དཀའ་ཁག་ལྡན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལས་རིགས་ལག་རྩལ་གྱི་གསོ་སྦྱོང་དང་ལས་ཞུགས་མཛུབ་སྟོན་སྤེལ་ཏེ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཁྲོད་ཀྱི་སློབ་གྲྭ་བས་སློབ་མཐར་རྫོགས་པར་རོགས་རམ་བྱ་དགོས།
དོན་ཚན་སོ་བརྒྱད་པ། གྲོང་མི་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཨུ་ཡོན་ལྷན་ཁང་གིས་དང་བླངས་པ་དང་སྡེ་ཁུལ་གྱི་མང་ཚོགས་ལ་སྣེ་ཁྲིད་དེ་སྡེ་ཁུལ་གྱི་ཐོན་ཁུངས་བེད་སྤྱད་དེ་རྣམ་པ་སྣ་ཚོགས་ཀྱིས་དཀའ་ཁག་ཁྱད་པར་ལྡན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་དགོས་ངེས་ཀྱི་སློབ་གསོ་རོགས་སྐྱོར་བྱ་དགོས།
དོན་ཚན་སོ་དགུ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་དང་བཟའ་མི། ལས་ཁུངས་སམ་སློབ་གྲྭས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སློབ་གསོ་གཏོང་བར་རམ་འདེགས་བྱ་དགོས།
དོན་ཚན་བཞི་ཅུ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་ཁྲོམ་བསྒྲགས་ཀྱི་སྒོ་ནས་བཟང་པོ་བདམ་སྟེ་སྡེ་ཁུལ་ཡོ་བསྲང་སྤྱི་ཚོགས་ལས་དོན་ཞབས་ཞུའམ་སྤྱི་ཚོགས་ཞབས་ཞུ་གཞན་པ་ཉོས་ཏེ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་སློབ་གསོ་དང་སེམས་ཁམས་གསོ་ཁྲིད། ལས་རིགས་ལག་རྩལ་གསོ་སྦྱོང་། སྤྀ་ཚོགས་འབྲེལ་བ་ཇེ་བཟང་གཏོང་བ་སོགས་ཀྱི་ཕྱོགས་ནས་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱ་དགོས།
སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་རྣམ་གྲངས་སྤྱི་ཚོགས་རྩ་འཛུགས་ལ་མངག་བཅོལ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གོང་ནས་བཤད་པའི་རོགས་སྐྱོར་བྱ་འགུལ་དེ་དག་སྤེལ་ན་ཆོག རྒྱལ་ཁབ་ཀྱིས་ཉམས་མྱོང་དང་ཐོན་ཁུངས་ལྡན་པའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ས་ཁོངས་ལས་བརྒལ་ཏེ་རོགས་སྐྱོར་བརྗེ་རེས་དང་དཔེ་མཚོན་བྱ་འགུལ་སྤེལ་བར་སྐུལ་འདེད་གཏོང་།
དོན་ཚན་ཞེ་གཅིག་པ། རྒྱལ་ཁབ་ཀྱིས་ཁེ་ལས་ལས་དོན་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལས་ཞུགས་ལས་གནས་དང་ལས་རིགས་ལག་རྩལ་གསོ་སྦྱོང་མཁོ་འདོན་བྱེད་པར་སྐུལ་འདེད་བྱས། ཆ་རྐྱེན་དང་མཚམས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཁེ་ལས་བླངས་ཏེ་སྒྲིག་ལམ་ལྟར་རྒྱལ་ཁབ་ཀྱི་优惠政策སྲིད་ཇུས་མྱོང་ན་ཆོག
དོན་ཚན་ཞེ་གཉིས་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་མི་སྒེར་གྱི་ཡོན་ཏན་ལ་གཞིགས་ཏེ་མི་དེ་དམངས་ཕན་བྱ་འགུལ་ལ་ཞུགས་པར་རྩ་འཛུགས་བྱས་ཏེ་སྤྱི་ཚོགས་འབྲེལ་བ་སླར་གསོ་དང་སྤྱི་ཚོགས་ཀྱི་འགན་ཁུར་འདུ་ཤེས་གསོ་སྐྱོང་བྱ་དགོས།
དོན་ཚན་ཞེ་གསུམ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་ལམ་ལྟར་སྤྱི་ཚོགས་རོགས་སྐྱོར་རེ་ཞུ་དང་སྤྱི་ཚོགས་ཉེན་འགོག་ལ་ཞུགས་པ། ཁྲིམས་ལུགས་རམ་འདེགས་ཐོབ་ཐུབ་ལ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དགོས་ངེས་ཀྱི་རམ་འདེགས་བྱ་དགོས།
ས་བཅད་དྲུག་པ། སྒྲོལ་བ་དང་མཚམས་འཇོག་པ།
དོན་ཚན་ཞེ་བཞི་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཡོ་བསྲང་དུས་ཡུན་ཐོན་པའམ་ཉེས་ཆད་མ་བཅད་པ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་མི་དེ་སྡེ་ཁུལ་ཡོ་བསྲང་ལས་སྒྲོལ་བའི་དཔང་ཡིག་སྟེར་དགོས་པ་མ་ཟད། སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་དང་ས་དེ་གའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ལ་བརྡ་གཏོང་དགོས།
དོན་ཚན་ཞེ་ལྔ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཐག་བཅད་པ་དང་། བཙོན་འཇུག་ལག་བསྟར་ཐག་གཅོད་བྱེད་པ། ཡང་ན་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཤི་སོང་ན་སྡེ་ཁུལ་ཡོ་བསྲང་མཚམས་འཇོག་དགོས།
དོན་ཚན་ཞེ་དྲུག་པ། སྡེ་ཁུལ་ཡོ་སྲང་བྱ་ཡུལ་ལ་ཉེས་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཉེས་ཆད་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་པའི་གནས་ཚུལ་ལྡན་ན་མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱ་དགོས།
ཞིབ་དཔྱོད་སྐབས་སུ་ནག་ཉེས་གསར་བ་བཟོས་པའམ་དཔྱད་མཚམད་ཁྱབ་བསྒྲགས་མ་བྱས་གོང་ད་རུང་ཉེས་པ་གཞན་པ་བཅད་མེད་ན་གྱོད་དོན་འདི་ཞིབ་གཅོད་བྱེད་པའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱས་ཏེ་ཡིག་ཐོག་ནས་སྔོན་ལ་ཞིབ་གཅོད་བྱེད་པའི་མི་དམངས་ཁྲིམས་ཁང་དང་ལག་བསྟར་བྱེད་སའི་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་བརྡ་གཏོང་དགོས།
དོན་ཚན་གཉིས་པས་གཏན་ལ་ཕབ་པ་ལས་གཞན་ད་དུང་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་དགོས་པའི་གནས་ཚུལ་ལྡན་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སྔོན་ལ་ཞིབ་གཅོད་བྱེད་པའི་མི་དམངས་ཁྲིམས་ཁང་ངམ་ལག་བསྟར་བྱེད་སའི་མི་དམངས་ཁྲིམས་ཁང་ལ་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་དགོས་པའི་བསམ་འཆར་བཏོན་ཏེ་བསམ་འཆར་ཡི་གེ་མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱ་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་དགོས་པའི་བསམ་འཆར་འདོན་སྐབས་རྒྱུ་མཚན་གསལ་བོ་བཤད་དགོས་ལ། འབྲེལ་ཡོད་ཀྱི་བདེན་དཔང་ཡིག་ཆ་འདོན་སྤྲོད་བྱ་དགོས།
དོན་ཚན་ཞེ་བདུན་པ། ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བྲོས་བྱོལ་བྱེད་སྲིད་པའམ་སྤྱི་ཚོགས་ཉེན་ཁ་འབྱུང་སྲིད་པ་དག་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ཁྲིམས་ཆད་ཕྱིར་འགྱངས་དང་ཚོད་བགམ་གློད་འགྲོལ་ཕྱིར་འཐེན་བྱེད་དགོས་པའི་བསམ་འཆར་འདོན་ཞོར་དུ་མི་དམངས་ཁྲིམས་ཁང་ལ་ཞུས་ཏེ་དེ་འཛིན་བཟུང་བྱེད་པའི་ཐག་གཅོད་བྱ་དགོས།
མི་དམངས་ཁྲིམས་ཁང་གིས་ཆུ་ཚོད་ཞེ་བརྒྱད་ཀྱི་ནང་དུ་འཛིན་བཟུང་བྱེད་མིན་གྱི་ཐག་གཅོད་དགོས། འཛིན་བཟུང་བྱེད་པའི་ཐག་བཅད་ན་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱ་དགོས། ཟཛིན་བཟུང་བྱས་རྗེས་བཀག་སྐྱིལ་དུས་ཡུན་ཉིན་སུམ་ཅུ་ལས་བརྒལ་མི་རུང་།
དོན་ཚན་ཞེ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་གྱོད་དོན་ཕྱིར་འཐེན་དང་ཁྲིམས་ཆད་ཕྱིར་འགྱངས། ཚོད་བགམ་གློད་འགྲོལ་གྱི་བསམ་འཆར་ཡི་གེ་འབྱོར་བའི་ཉིན་སུམ་ཅུའི་ནང་བཀའ་བཅད་གཏོང་སྟེ་བཀའ་བཅད་ཁྲ་མ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ལ་བསྐྱལ་ཏེ་ཞོར་དུ་མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱ་དགོས།
མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཕྱིར་འཐེན་དང་ཁྲིམས་ཆད་ཕྱིར་འགྱངས། ཚོད་བགམ་གློད་འགྲོལ་ལ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་དག་འབུད་དང་དེའི་མངག་བཅོལ་ཁྲིམས་རྩོད་པའི་བསམ་འཆར་ཉན་དགོས།
མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཕྱིར་འཐེན་དང་ཁྲིམས་ཆད་ཕྱིར་འགྱངས། ཚོད་བགམ་གློད་འགྲོལ་ལ་བཀའ་བཅད་བྱས་པ་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བཙོན་ཁང་ངམ་ཉེས་ཅན་ལྟ་སྲུང་ཁང་ལ་བསྐྱལ་ནས་ལག་བསྟར་བྱ་དགོས། ལག་བསྟར་མ་བྱས་གོང་འཛིན་བཟུང་བྱས་པ་བཀག་སྐྱིལ་ཉིན་གཅིག་བྱས་པ་ཁྲིམས་ཆད་ཁུར་ཡུན་ཉིན་གཅིག་ལ་ཁ་འཐབ་གཏོང་དགོས།
མི་དམངས་ཁྲིམས་ཁང་གིས་གྱོད་དོན་ཕྱིར་འཐེན་དང་ཁྲིམས་ཆད་ཕྱིར་འགྱངས། ཚོད་བགམ་གློད་འགྲོལ་ལ་བཀའ་བཅད་མ་བྱས་པར་འཛིན་བཟུང་བྱས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་དེ་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་བཙོན་འགྲོལ་གཏོང་དགོས།
དོན་ཚན་ཞེ་དགུ་པ། གནས་སྐབས་སུ་བཙོན་ཁང་ཕྱི་ནས་ཁྲིམས་ཆད་ལག་བསྟར་བྱས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བཙོན་འཇུག་གནས་ཚུལ་བྱེད་དགོས་པ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལག་བསྟར་བྱེད་ཡུལ་ལམ་སྔོན་གྱི་སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ལ་བཙོན་འཇུག་ལག་བསྟར་གྱི་བསམ་འཆར་འདོན་དགོས་ལ། བསམ་འཆར་ཡི་གེ་མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱ་དགོས།
སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་ཀྱིས་བསམ་འཆར་ཡི་གེ་འབྱོར་བའི་ཉིན་སུམ་ཅུའི་ནང་ཐག་གཅོད་བྱས་ཏེ་ཐག་གཅོད་ཡི་གེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ལ་བསྐྱལ་དགོས་པ་མ་ཟད། མི་དམངས་ཞིབ་དཔྱོད་ཁང་ལ་བཤུས་འབུལ་བྱ་དགོས།
མི་དམངས་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས་ཀྱིས་གནས་སྐབས་སུ་བཙོན་ཁང་ཕྱི་ནས་ལག་བསྟར་བྱེད་དགོས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་བཙོན་འཇུག་ལག་བསྟར་དང་ལེན་ཐག་གཅོད་བྱེད་ན་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་མཙོན་ཁང་ངམ་ཉེས་ཅན་ལྟ་རྟོག་ཁང་ལ་བསྐྱལ་ཏེ་བཙོན་འཇུག་ལག་བསྟར་བྱ་དགོས།
བཙོན་ཁང་དོ་དམ་ལས་ཁུངས་ཀྱིས་གནས་སྐབས་སུ་བཙོན་ཁང་ཕྱི་ནས་བཙོན་འཇུག་ལག་བསྟར་བྱས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བཙོན་འཇུག་ལག་བསྟར་བྱེད་དགོས་པ་ཐག་བཅད་ན་བཙོན་ཁང་གིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་བཙོན་འཇུག་ལག་བསྟར་བྱ་དགོས།
དོན་ཚན་ལྔ་ཅུ་པ། གྱོད་དོན་ཕྱིར་འཐེན་དང་ཁྲིམས་ཆད་ཕྱིར་འགྱངས། ཚོད་བགམ་གློད་འགྲོལ་ལ་བཀའ་བཅད། བཙོན་འཇུག་ལག་བསྟར་ཐག་གཅོད་བྱས་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་བྲོས་བྱོལ་བྱས་པ་སྤྱི་བདེ་ལས་ཁུངས་ཀྱིས་འདེད་འཛིན་བྱས་ཏེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་དང་འབྲེལ་ཡོད་ལས་ཁུངས། མི་སྒེར་ལ་རམ་འདེགས་བྱ་དགོས།
དོན་ཚན་ང་གཅིག་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ཡོ་བསྲང་བྱེད་སྐབས་ཚེ་ལས་འདས་ན་དེའི་ལྟ་སྐྱོང་བྱེད་མཁན་དང་བཟའ་མི་ཚོས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་སྙན་ཞུ་བྱ་དགོས། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དུས་ཐོག་ཏུ་སྡེ་ཁུལ་ཡོ་བསྲང་ཐག་གཅོད་ལས་ཁུངས་དང་ས་དེ་གའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་ལ་བརྡ་གཏོང་དགོས།
ས་བཅད་བདུན་པ། ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་གི་དམིགས་བསལ་སྒྲིག་ལམ།
དོན་ཚན་ང་གཉིས་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལོ་ཚོད་དང་སེམས་ཁམས་ཁྱད་ཆོས། འཚར་ལོངས་ཀྱི་དགོས་མཁོ། འཚར་ལོངས་ཀྱི་བརྒྱུད་རིམ། ཉེས་པ་བཟོས་པའི་རྒྱུ་རྐྱེན། ཁྱིམ་ཚང་གི་ལྟ་སྐྱོང་དང་སློབ་གསོའི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་དམིགས་སའི་རང་བཞིན་གྱི་ཡོ་བསྲང་བྱ་ཐབས་སྤྱོད་དགོས།
དོན་ཚན་ང་གསུམ་པ། ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་གྱིས་ལྟ་སྐྱོང་འོས་འགན་ལག་བསྟར་བྱས་ཏེ་གསོ་སྐྱོང་དང་དོ་དམ་སློབ་གསོ་སོགས་ཀྱི་འོས་འགན་འཁུར་དགོས།
ལྟ་སྐྱོང་བྱེད་མཁན་གྱིས་ལྟ་སྐྱོང་འོས་འགན་ལག་བསྟར་མ་བྱས་ན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་དེས་འོས་འགན་འཁུར་དགོས་པར་ལྟ་སྐུལ་དང་སློབ་གསོ་བྱ་དགོས། ལྟ་སྐྱོང་བྱེད་མཁན་གྱིས་གཞི་ནས་ལྟ་སྐྱོང་འོས་འགན་དང་ལེན་མི་བྱེད་ན་འབྲེལ་ཡོད་སྡེ་ཁག་ལ་བརྡ་གཏོང་སྟེ་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་ང་བཞི་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཞུགས་པའི་མི་སྣ་གཞན་པས་འོས་འགན་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་པའི་ལོ་ན་མ་སོན་པའི་ཐོབ་ཐང་ཆ་འཕྲིན་ལ་གསང་སྦས་བྱ་དགོས།
ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་དོན་སྒྲུབ་པའམ་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སྒྲིག་ལམ་ལྟར་རྩད་ཞིབ་བྱེད་པར་མཁོ་བ་མ་གཏོགས་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ཡིག་ཚགས་ཆ་འཕྲིན་ལས་ཁུངས་སམ་མི་སྒེར་གང་རུང་ལའང་འདོན་སྤྲོད་བྱེད་མི་ཆོག ཁྲིམས་ལུགས་ལྟར་རྩད་ཞིབ་བྱེད་པའི་ལས་ཁུངས་ཀྱིས་ཐོབ་པའི་ཆ་འཕྲིན་གསང་དགོས།
.
དོན་ཚན་ང་ལྔ་པ། འོས་འགན་སློབ་གསོ་མ་འགྲུབ་པའི་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལས་གཞན་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་སློབ་གསོ་སྡེ་ཁག་ལ་བརྡ་གཏོང་སྟེ་དེས་འོས་འགན་སློབ་གསོ་འགྲུབ་པར་ཆ་རྐྱེན་མཁོ་འདོན་བྱ་དགོས། ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལྟ་སྐྱོང་བྱེད་མཁན་གྱིས་ཁྲིམས་ལུགས་ལྟར་དེས་དུས་ལྟར་སློབ་གྲྭར་འགྲོ་རྒྱུ་དང་ལེན་དང་འོས་འགན་སློབ་གསོ་འགྲུབ་པར་ཁག་ཐེག་བྱ་དགོས།
ལོ་ན་བཅུ་དྲུག་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལས་ཞུགས་ཀྱི་འདུན་པ་ཡོད་ཚེ་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་མཐུན་སྦྱོར་བྱས་ཏེ་དེར་ལས་རིགས་ལག་རྩལ་གསོ་སྦྱོང་མཁོ་འདོན་བྱས་ཏེ་ལས་ཞུགས་མཛུབ་ཁྲིད་དང་རོགས་སྐྱོར་བྱ་དགོས།
དོན་ཚན་ང་དྲུག་པ། གུང་ཁྲན་རིང་ལུགས་གཞོན་ནུའི་ཚོགས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། ལོ་ན་མ་སོན་པ་སྲུང་སྐྱོབ་རྩ་འཛུགས་ཀྱིས་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ལ་རམ་འདེགས་བྱས་ཏེ་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ལས་དོན་ལེགས་པོ་སྒྲུབ་དགོས།
རྒྱལ་ཁབ་ཀྱིས་ལོ་ན་མ་སོན་པའི་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་གཞན་པ་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཞུགས་པར་སྐུལ་འདེད་བྱས་ཏེ་ཁྲིམས་ལུགས་ལྟར་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནང་དགོས།
དོན་ཚན་ང་བདུན་པ། ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སློབ་གྲྭར་བསྐྱར་ཞུགས་དང་སློབ་རིམ་འཕར་བ། ལས་ཞུགས་སོགས་ཀྱི་ཐད་ནས་ཁྲིམས་ལུགས་ལྟར་ལོ་ན་མ་སོན་པ་གཞན་པ་དང་འདྲ་བའི་དབང་ཆ་ལྡན། ལས་ཁུངས་དང་མི་སྒེར་གང་ཡིན་རུང་མཐོང་ཆུང་བྱ་མི་ཆོག མཐོང་ཆུང་བྱས་པའི་བྱ་སྤྱོད་ལྡན་ན་སློབ་གསོ་དང་མི་ཤུགས་ཀྱི་འབྱུང་ཁུངས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་སྡེ་ཁག་གིས་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་ང་བརྒྱད་པ། ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་སྡེ་ཁུལ་ཡོ་བསྲང་བྱེད་སྐབས་སུ་ལོ་ན་བཅོ་བརྒྱད་ལ་སོན་ན་མུ་མཐུད་ནས་ལོ་ན་མ་སོན་པའི་སྡེ་ཁུལ་ཡོ་བསྲང་གི་འབྲེལ་ཡོད་སྒྲིག་ལམ་ལྟར་ལག་བསྟར་བྱ་དགོས།
ས་བཅད་བརྒྱད་པ། ཁྲིམས་ལུགས་འགན་འཁྲི།
དོན་ཚན་ང་དགུ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་སྡེ་ཁུལ་ཡོ་བསྲང་བྱེད་སྐབས་ལྟ་སྐུལ་དོ་དམ་གྱི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་ལྡན་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་ཆད་གཅོད་བཅའ་ཁྲིམས》་ཀྱི་སྒྲིག་ལམ་ལྟར་ཆད་པ་གཅོད་དགོས། གྱོད་དོན་ཕྱིར་འཐེན་དང་ཁྲིམས་ཆད་ཕྱིར་འགྱངས། ཚོད་བགམ་གློད་འགྲོལ་ལམ་བཙོན་ཁང་ཕྱི་ནས་ཁྲིམས་ཆད་ལག་བསྟར་བྱས་པའི་གནས་ཚུལ་ལྡན་ཚེ་ཁྲིམས་ལུགས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་དྲུག་ཅུ་པ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱིས་སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་ཁྲིམས་ལུགས་ལྟར་སྡེ་ཁུལ་ཡོ་བསྲང་ལས་དོན་ལ་ཞུགས་པའི་མི་སྣ་དང་དེའི་ཤ་ཚ་ཉེ་རིང་གཞན་པར་གཅར་རྡུང་དང་འཇིགས་སྐུལ། བརྙས་བཅོས། བར་ཆད་བཟོ་བ་དང་འཁོན་ལན་སློག་སྟེ་ཉེས་་ཆད་བཟོས་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱ་དགོས། ཉེས་པ་མ་གྲུབ་ན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་བདེ་སྲུང་དོ་དམ་གྱི་ཆད་པ་གཅོད་དགོས།
དོན་ཚན་རེ་གཅིག་པ། སྡེ་ཁུལ་ཡོ་བསྲང་ལས་ཁུངས་ཀྱི་ལས་དོན་མི་སྣ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་པར་གཤམ་གྱི་བྱ་སྤྱོད་གཅིག་ལྡན་ཚེ་ཆད་པ་གཅོད་དགོས་ལ། ཉེས་པ་བཟོས་བྱུང་ན་ཁྲིམས་ལུགས་ལྟར་ཉེས་འགན་རྩད་གཅོད་བྱ་དགོས།
(གཅིག) ལས་གནས་སམ་ལས་དོན་གྱི་སྟབས་བདེ་བེད་སྤྱད་དེ་ལྐོག་ངན་སློང་བ་དང་བླངས་པ།
(གཉིས།) ཁྲིམས་བཀོད་འོས་འགན་ལག་བསྟར་མི་བྱེད་པ།
(གསུམ།) སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་ལུས་ཆད་གཅོད་པ་དང་མནར་གཅོད་གཏོང་བའམ་ཡང་ན་བཅའ་ཁྲིམས་ཀྱི་སྒྲིག་ལམ་དང་འགལ་ཏེ་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་རང་དབང་ལ་ཚོད་འཛིན་ནམ་ཐབས་ཚུལ་བསྒྱུར་ཏེ་ཚོད་འཛིན་བྱེད་པ།
(བཞི།) སྡེ་ཁུལ་ཡོ་བསྲང་ལས་དོན་གྱི་གསང་བའམ་ཁྲིམས་ལུགས་ལྟར་སྲུང་དགོས་པའི་ཆ་འཕྲིན་ཕྱིར་བསྒྲགས་པ།
(ལྔ།) ཁྲིམས་ལུགས་ལྟར་གནས་ཚུལ་ཞུ་འབུལ་དང་ཞུ་གཏུག་གམ་ཉེས་མཚང་འབྱིན་པའི་སྡེ་ཁུལ་ཡོ་བསྲང་བྱ་ཡུལ་ལ་རྡུང་རྡེག་འཁོན་སློག་བྱེད་པ།
(དྲུག) སྒྲིག་ཁྲིམས་ལ་འགལ་བའི་བྱ་སྤྱོད་གཞན་པ་ལྡན་པ།