གསོན་ཕག་བཤས་གཏོང་བའི་དོ་དམ་སྲོལ་ཡིག(2016ལོར་བཟོ་བཅོས་རྒྱབ་པ།)

ཐོ་འགོད་དུས་ཚོད།:2020-12-02  

གསོན་ཕག་བཤས་གཏོང་བའི་དོ་དམ་སྲོལ་ཡིག(2016ལོར་བཟོ་བཅོས་རྒྱབ་པ།)


【ཁོངས་གཏོགས་རིམ་པའི་རིགས་དབྱེ།】རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་མཛོད། 

【ཁོངས་གཏོགས་རིགས་དབྱེ།】ཕྱུགས་ལས། 

【ཁོངས་གཏོགས་ས་ཁུལ།】 

【ཁྱབ་བསྒྲགས་སྡེ་ཁག】   རྒྱལ་སྲིད་སྤྱི་ཁྱབ་ཁང་། 

【ཡོངས་བསྒྲགས་ཡིག་ཆའི་ཨང་གྲངས།】   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་238པ། 

【ཁྱབ་བསྒྲགས་བྱས་པའི་ཚེས་གྲངས།】2016-02-06 

【ནུས་ཐོན་དུས་ཚོད།】  2016-02-06 

【ནུས་པ་ཤོར་པའི་ཚེས་གྲངས།】 

【ནུས་པའི་གནས་ཚུལ།】  ནུས་པ་ཡོད། 


1997ལོའི་ཟླ་12ཚེས་19ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་238པས་སྤྱི་བསྒྲགས་བྱས་པ་དང་། 2007ལོའི་ཟླ་12ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་201པའི་ཐོག་དག་བཅོས་ཐེངས་དང་པོ་བྱས་པ་དང་། 2011ལོའི་ཟླ་1ཚེས་8ཉིན་གྱི་《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་མེད་པར་བཟོས་པ་དང་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་》གཞིར་བཟུང་ནས་དག་བཅོས་ཐེངས་གཉིས་པ་བྱས། 2016ལོའི་ཟླ་2ཚེས་6ཉིན་གྱི་《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་666པ་)ལ་གཞིགས་ནས་དག་བཅོས་བྱས། 


ལེའུ་དང་པོ།  སྤྱིའི་དོན་ཚན།

ལེའུ་གཉིས་པ།  གསོན་ཕག་དམིགས་འཛུགས་ཀྱིས་བཤའ་ལུགས། 

ལེའུ་གསུམ་པ།  ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར། 

ལེའུ་བཞི་པ།  ཁྲིམས་འབྲེལ་ཁུར་འཁྲིའི་སྐོར། 

ལེའུ་ལྔ་པ།  ཞར་བྱུང་དོན་ཚན།


ལེའུ་དང་པོ། སྤྱིའི་དོན་ཚན།


དོན་ཚན་དང་པོ། ཕག་པ་བཤའ་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གསོན་ཕག་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བའི་འགན་ལེན་བྱེད་ཆེད། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བར་འགན་སྲུང་བྱེད་ཆེད་སྲོལ་ཡིག་འདི་བཟོས་པ་ཡིན། 


དོན་ཚན་གཉིས་པ། རྒྱལ་ཁབ་ཀྱིས་དམིགས་འཛུགས་ཕག་པ་བཤའ་བ་དང་གཅིག་བསྡུས་ཀྱིས་རིམས་ནད་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ། 

དམིགས་འཛུགས་བྱས་མེད་ན་སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཕག་པ་བཤས་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག འོན་ཀྱང་གྲོང་གསེབ་ས་ཁུལ་གྱི་མི་སྒེར་གྱིས་རང་ཁ་རང་གསོ་བྱས་རིགས་འདིའི་ཁོངས་སུ་མི་གཏོགས། 

བས་མཐའི་ས་ཁུལ་དང་འགྲིམ་འགྲུལ་མི་བདེ་བའི་གྲོང་གསེབ་ས་ཁུལ་དུ། ས་གནས་དེ་གའི་ཚོང་རྭར་ཕག་པའི་ཐོན་རྫས་མཁོ་སྤྲོད་བྱེད་ས་ཆུང་གྲས་ཁོ་ན་བཙུགས་ཆོག་ཅིང་། དོ་དམ་བྱེད་ཐབས་ཞིབ་ཕྲ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་འབེབས་བྱ་རྒྱུ། 


དོན་ཚན་གསུམ་པ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཕག་པ་བཤའ་བའི་ལས་རིགས་དོ་དམ་བྱེད་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ཕག་པ་བཤའ་བར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ། 

རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་ཕག་པ་བཤས་གཏོང་བའི་བྱེད་སྒོའི་འབྲེལ་ཡོད་དོ་དམ་ལས་དོན་གྱི་འགན་འཁུར་དགོས། 


དོན་ཚན་བཞི་པ།   རྒྱལ་ཁབ་ཀྱིས་དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡི་གཞི་ཁྱོན་དང་ཐོན་སྐྱེད། ལག་རྩལ་བཅས་ཀྱི་ཆ་རྐྱེན་དང་དེ་བཞིན་སྤུས་ཚད་ཉེན་མེད་དོ་དམ་བྱས་ཚུལ་ལ་གཞིགས་ནས་དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡི་རིམ་བགོས་དོ་དམ་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཐོན་སྐྱེད་དང་ལག་རྩལ་ཆ་རྐྱེན་ལེགས་བཅོས་བྱེད་པར་བསྔགས་སྐུལ། ཁྲིད་སྟོན། རོགས་སྐྱོར་བཅས་བྱ་དགོས། སྤུས་ཚད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གསོན་ཕག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)རིམ་བགོས་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།


ལེའུ་གཉིས་པ། གསོན་ཕག་དམིགས་འཛུགས་ཀྱིས་བཤའ་ལུགས།


དོན་ཚན་ལྔ་པ།  དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡི་གསར་འཛུགས་འཆར་འགོད་ནི། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གཞན་དག་དང་མཉམ་དུ། བཀོད་སྒྲིག་ལུགས་མཐུན་དང་ གཅིག་སྡུད་འོས་འཚམ། འཁོར་རྒྱུག་ལ་ཕན་པ། མང་ཚོགས་ལ་སྟབས་བདེ་ཡོང་བ་བཅས་ཀྱི་རྩ་དོན་ལྟར། ས་གནས་དེ་གའི་གནས་ཚུལ་དངོས་དང་བསྟུན་ནས་བཟོས་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་རྒྱུ། 


དོན་ཚན་དྲུག་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)དེ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་གསར་འཛུགས་འཆར་འགོད་གཞིར་བཟུང་ནས། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་། ཁོར་ཡུག་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གཞན་དག་བཅས་སྒྲིག་འཛུགས་བྱས་པས། སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་ལྟར་ཞིབ་བཤེར་བྱ་རྒྱུ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་ནས་གཏན་འཁེལ་བྱ་དགོས། དམིགས་འཛུགས་ཕག་པ་བཤས་གཏོང་བའི་ལག་ཁྱེར་དང་དམིགས་འཛུགས་ཕག་པ་བཤས་གཏོང་བའི་མཚོན་རྟགས་བྱང་བུ་སྤྲོད་དགོས། 

ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དེས་དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡི་མིང་ཐོ་དུས་ཐོག་ཏུ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། 


དོན་ཚན་བདུན་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ(ར་བ)་ཡིས་ངེས་པར་དུ་གསོན་ཕག་བཤས་གཏོང་བྱེད་ཀྱི་མཚོན་རྟགས་བྱང་བུ་དེ་བཟོ་གྲྭ(ར་བ)་ཁུལ་གྱི་མངོན་གསལ་དོད་སར་འགེལ་དགོས། 

དམིགས་འཛུགས་ཕག་པ་བཤས་གཏོང་བའི་ལག་ཁྱེར་དང་དམིགས་འཛུགས་ཕག་པ་བཤས་གཏོང་བའི་མཚོན་རྟགས་བྱང་བུ་གཡར་གཏོང་དང་ནང་བཤུག་གཏོང་མི་ཆོག སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་དམིགས་འཛུགས་ཕག་པ་བཤས་གཏོང་བའི་ལག་ཁྱེར་དང་དམིགས་འཛུགས་ཕག་པ་བཤས་གཏོང་བའི་མཚོན་རྟགས་བྱང་བུ་རྫུན་སྤྱོད་དམ་ཡང་ན་བེད་སྤྱོད་བྱས་མི་ཆོག 


དོན་ཚན་བརྒྱད་པ།  དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ། 

(གཅིག)བཤས་གཏོང་གཞི་ཁྱོན་དང་འཚམ་པ་དང་། ཆུ་སྤུས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན་པའི་ཆུ་འགོའི་ཆ་རྐྱེན་ཡོད་དགོས་པ། 

(གཉིས།)རྒྱལ་ཁབ་ཀྱི་གཏན་འབེབས་བླང་བྱ་དང་མཐུན་པའི་བཤའ་གྲབ་བྱེད་ཁང་དང་བཤའ་ཁང་། འཕྲལ་གསོད་ཁང་། དེ་བཞིན་ཕག་པ་བཤའ་བྱེད་སྒྲིག་ཆས་དང་སྐྱེལ་འདྲེན་ཡོ་བྱད་བཅས་ཡོད་པ། 

(གསུམ།)ཁྲིམས་ལྟར་བདེ་ཐང་གི་དཔང་ཡིག་ཐོབ་པའི་བཤའ་རྩལ་མི་སྣ་ཡོད་པ། 

(བཞི།)དཔྱད་ཞིབ་བྱས་ནས་ཚད་ལོངས་པའི་ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱེད་མཁན་ཡོད་པ། 

(ལྔ།)རྒྱལ་ཁབ་ཀྱི་གཏན་འབེབས་བླང་བྱ་དང་མཐུན་པའི་ཞིབ་བཤེར་སྒྲིག་ཆས་དང་དུག་སེལ་སྒྲིག་ཆས། དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་སྦགས་བཙོག་འགོག་བཅོས་སྒྲིག་བཀོད་བཅས་ཡོད་པ། 

(དྲུག)ནད་ཀྱིས་གནོད་པའི་ཕག་པ་དང་གསོན་ཕག་གི་ཐོན་རྫས་གནོད་མེད་ཅན་དུ་བསྒྱུར་བའི་སྒྲིག་བཀོད་ཡོད་པ། 

(བདུན།)ཁྲིམས་ལྟར་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་ཚད་ལོན་ལག་ཁྱེར་ཐོབ་པ་བཅས་ཡིན།


དོན་ཚན་དགུ་པ། གསོན་ཕག་བཤས་གཏོང་བར་ནད་ཡམས་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུ་དེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། 

ཕག་པ་བཤའ་བའི་འཕྲོད་བསྟེན་ཞིབ་དཔྱད་དང་དེའི་ལྟ་སྐུལ་ནི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས། 


དོན་ཚན་བཅུ་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ(ར་བ)་ཡིས་བཤས་པའི་གསོན་ཕག་ནི་ཁྲིམས་ལྟར་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞིས་རིམས་ནད་ཞིབ་བཤེར་བྱས་ནས་ཚད་ལོན་དགོས་པ་མ་ཟད། རིམས་ནད་ཞིབ་བཤེར་གྱི་དཔང་རྟགས་ཀྱང་ཟུར་དུ་འགོད་དགོས། 


དོན་ཚན་བཅུ་གཅིག་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ(ར་བ)་ཡིས་གསོན་ཕག་བཤའ་བར་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བཀོལ་སྤྱོད་སྒྲིག་སྲོལ་དང་ལག་རྩལ་གྱི་བླང་བྱ་དང་མཐུན་དགོས། 


དོན་ཚན་བཅུ་གཉིས་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ཡིས་བཤས་བཏང་བའི་གསོན་ཕག་གི་འབྱུང་ཁུངས་དང་གསོན་ཕག་གི་ཐོན་རྫས་རྒྱུག་ཕྱོགས་ཇི་མ་ཇི་བཞིན་ཟིན་ཐོར་འགོད་དགོས། གསོན་ཕག་གི་འབྱུང་ཁུངས་དང་གསོན་ཕག་གི་ཐོན་རྫས་ཐོ་འགོད་ཉར་ཚགས་བྱེད་ཡུན་ལོ་གཉིས་ལས་ཉུང་མི་རུང་། 


དོན་ཚན་བཅུ་གསུམ་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡིས་ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་དང་དོ་དམ་བྱེད་པའི་ལམ་ལུགས་ནན་པོ་འཛུགས་དགོས། ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱ་རྒྱུ་དེ་གསོན་ཕག་བཤའ་བ་དང་དུས་མཉམ་དུ་བྱ་དགོས་པ་མ་ཟད། ཞིབ་བཤེར་བྱས་འབྲས་ཇི་མ་ཇི་བཞིན་ཟིན་ཐོ་འགོད་དགོས། ཞིབ་དཔྱད་བྱས་འབྲས་ཀྱི་ཟིན་ཐོ་ཉར་ཚགས་བྱེད་ཡུན་ལོ་2ལས་ཉུང་མི་རུང་། 

ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་ལོངས་པའི་གསོན་ཕག་གི་ཐོན་རྫས་ལ་དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡིས་ངེས་པར་དུ་ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་ལོངས་པའི་ཞིབ་བཤེར་ཐམ་གའམ་ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་ལོངས་པའི་མཚོན་རྟགས་རྒྱག་དགོས། ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་མ་ལོན་པའི་གསོན་ཕག་གི་ཐོན་རྫས་ནི། ཤ་རྫས་རྒྱུ་སྤུས་ཞིབ་བཤེར་མི་སྣའི་ལྟ་སྐུལ་འོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས། ཐག་གཅོད་བྱས་ཚུལ་ཇི་མ་ཇི་བཞིན་ཟིན་ཐོར་འགོད་དགོས་པ་དང་ཐག་གཅོད་བྱས་ཚུལ་གྱི་ཟིན་ཐོ་ཉར་ཚགས་བྱེད་ཡུན་ལོ་2ལས་ཉུང་མི་རུང་། 

དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡི་བཤས་ཕག་གི་ཐོན་རྫས་ལ་ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་མེད་པའམ་ཡང་ན་ཤ་རྫས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་མ་ལོན་པའི་རིགས་ནི་བཟོ་གྲྭ་(ར་བ་)ནས་ཕྱིར་ཐོན་མི་ཆོག 


དོན་ཚན་བཅུ་བཞི་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)ཡི་ནད་ཀྱིས་གནོད་པའི་ཕག་པ་དང་གསོན་ཕག་གི་ཐོན་རྫས་གནོད་མེད་ཅན་དུ་བསྒྱུར་བའི་སྒྲིག་བཀོད་ཡི་འགྲོ་གྲོན་དང་གྱོང་གུན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་གི་གཏན་འབེབས་ལྟར་རྒྱལ་ཁབ་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་བྱ་རྒྱུ།


དོན་ཚན་བཅོ་ལྔ་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)དང་དེ་མིན་ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་གསོན་ཕག་གམ་ཡང་ན་གསོན་ཕག་ཐོན་རྫས་ལ་ཆུ་བླུགས་པའམ་ཡང་ན་དེ་མིན་གྱི་དངོས་པོ་བླུགས་མི་ཆོག 

དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ཡིས་བཤས་གཏོང་སྐབས་ཆུ་བླུགས་པའམ་ཡང་ན་དེ་མིན་གྱི་དངོས་པོ་བླུག་སའི་ཕག་པ་བཤས་གཏོང་མི་ཆོག 


དོན་ཚན་བཅུ་དྲུག་པ།  དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ་)་ཡིས་དུས་ལྟར་ཕྱིར་འཚོང་བྱས་མེད་པའམ་ཡང་ན་དུས་ལྟར་བཟོ་གྲྭ་(ར་བ)་ནས་ཕྱིར་ཐོན་མེད་པའི་གསོན་ཕག་ཐོན་རྫས་ལ། གྲང་ཉར་རམ་ཡང་ན་གྲང་ཉར་སོགས་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་གསོག་ཉར་བྱ་དགོས། 


དོན་ཚན་བཅུ་བདུན་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་དམིགས་འཛུགས་ཁྲིམས་འགལ་གྱིས་ཕག་པ་བཤའ་བའི་བྱེད་སྒོ་སྤེལ་མེད་པའི་སྡེ་ཚན་ནམ་མི་སྒེར་ལ་ཕག་པ་བཤའ་ར་དང་ཡང་ན་གསོན་ཕག་གི་ཐོན་རྫས་གསོག་ཉར་སྒྲིག་བཀོད་འདོན་སྤྲོད་བྱས་མི་ཆོག གསོན་ཕག་གམ་གསོན་ཕག་ཐོན་རྫས་ལ་ཆུ་བླུག་པའམ་ཡང་ན་དངོས་པོ་གཞན་དག་བླུག་མཁན་སྡེ་ཚན་ནམ་མི་སྒེར་ལ་གནས་ཡུལ་འདོན་སྤྲོད་བྱས་མི་ཆོག 


དོན་ཚན་བཅོ་བརྒྱད་པ། ཕག་པའི་ཐོན་རྫས་ཕྱིར་འཚོང་དང་ཤ་རིགས་དང་བཟའ་ཆས་ཐོན་སྐྱེད་དང་ལས་སྣོན་བྱེད་མཁན་སྡེ་ཚན་དང་མི་སྒེར། དེ་བཞིན་བཟའ་བཏུང་ཞབས་ཞུ་གཉེར་སྐྱོང་བྱེད་མཁན་དང་། ཐུན་མོང་གི་བཟའ་ཆས་སྡེ་ཚན་བཅས་ཀྱིས་ཕྱིར་འཚོང་དང་བེད་སྤྱོད་བྱེད་པའི་ཕག་གི་ཐོན་རྫས་ནི་དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ཡི་ནད་ཡམས་ཞིབ་བཤེར་དང་ཤ་རྫས་ཀྱི་སྤུས་ཚད་ཞིབ་བཤེར་བྱས་ནས་ཚད་ལོངས་པའི་གསོན་ཕག་ཐོན་རྫས་ཡིན་དགོས། 


དོན་ཚན་བཅུ་དགུ་པ། ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ས་གནས་གཞན་གྱི་གསོན་ཕག་དམིགས་འཛུགས་བཤས་གཏོང་བཟོ་གྲྭ་(ར་)རུ་ནད་ཡམས་ཞིབ་བཤེར་བྱས་པ་དང་། ཤ་རིགས་ཀྱི་སྤུས་ཀ་ཞིབ་བཤེར་བྱས་ནས་ཚད་ལོངས་པའི་གསོན་ཕག་ཐོན་རྫས་ས་གནས་དེ་གའི་ཚོང་རར་འདྲེན་པར་ཚོད་འཛིན་བྱས་མི་ཆོག 


ལེའུ་གསུམ་པ། ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར།


དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཕག་པ་བཤའ་བར་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕག་པ་བཤའ་བར་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱ་དགོས། 


དོན་ཚན་ཉེར་གཅིག་པ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ནས་འགན་འཁྲི་ནན་པོ་བསྒྲུབས་ནས་ཕག་པ་བཤས་གཏོང་བའི་བྱེད་སྒོའི་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། 

ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས་གཤམ་གསལ་བྱེད་ཐབས་སྤྱད་ཆོག་པ་སྟེ། 

(གཅིག)ཕག་པ་བཤའ་བ་སོགས་འབྲེལ་ཡོད་ས་ཆར་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱ་རྒྱུ། 

(གཉིས།)འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་གནས་ཚུལ་རྩད་གཅོད་བྱ་རྒྱུ། 

(གསུམ།)འབྲེལ་ཡོད་ཟིན་ཐོ་དང་དངུལ་འཛིན། དེ་བཞིན་དཔྱད་ཡིག་གཞན་དག་བཅས་ཀློག་བཤེར་དང་འདྲ་བཟོ་བྱ་རྒྱུ། 

(བཞི།)ཁྲིམས་འགལ་གྱི་ཕག་པ་བཤའ་བའི་ལས་སྒོ་དང་འབྲེལ་བ་ཡོད་པའི་གནས་ཡུལ་དང་སྒྲིག་བཀོད་ལ་སྒོ་རྒྱ་ཐེལ་གནོན་བྱ་རྒྱུ་དང་། ཁྲིམས་འགལ་གྱི་ཕག་པ་བཤས་གཏོང་བ་དང་འབྲེལ་བ་ཡོད་པའི་ཕག་པ་དང་། ཕག་པའི་ཐོན་རྫས། དེ་བཞིན་བཤས་གཏོང་ལག་ཆ་དང་སྒྲིག་ཆས་བཅས་བཙན་ཉར་བྱ་རྒྱུ། 

ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་སྐབས། ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་གཉིས་ལས་ཉུང་མི་རུང་བ་མ་ཟད་ ཁྲིམས་འཛིན་ལག་ཁྱེར་སྟོན་དགོས། 

ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་གཞོགས་འདེགས་བྱ་དགོས་པ་ལས་ཁས་མི་ལེན་པ་དང་བཀག་འགོག་བྱས་མི་ཆོག


དོན་ཚན་ཉེར་གཉིས་པ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཐེར་འདོན་གོང་ཞུའི་ལམ་ལུགས་བཙུགས་ནས་ཐེར་འདོན་ཁ་པར་ཨང་གྲངས་དང་ཡིག་སྒམ། གློག་རྡུལ་ཡིག་སྒམ་བཅས་སྤྱི་བསྒྲགས་བྱེད་པ་དང་། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཀྱི་ཐེར་འདོན་བདག་སྤྲོད་བྱེད་དགོས། དུས་ཐོག་ཏུ་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་དགོས། 


དོན་ཚན་ཉེར་གསུམ་པ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱེད་རིང་དེར་ དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ཡི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་མེད་པ་ཤེས་ཚེ། དུས་བཀག་ནང་ལེགས་བཅོས་བྱེད་འགན་དཀྲི་དགོས། དུས་ཚད་ལས་ཡོལ་ཡང་སྔར་བཞིན་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་མེད་ན་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དེའི་ཕག་པ་བཤས་གཏོང་བྱེད་སའི་གནས་གཏན་འཁེལ་གྱི་བཟོ་གྲྭའི(ར་བ)ཐོབ་ཐང་མེད་པ་བཟོ་རྒྱུ། 


ལེའུ་བཞི་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།


དོན་ཚན་ཉེར་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་དམིགས་འཛུགས་གཏན་ཁེལ་མ་བྱས་པར་ཕག་པ་བཤའ་བའི་བྱེད་སྒོ་སྤེལ་རིགས་ལ་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྩིས་མེད་དུ་གཏོང་རྒྱུ་དང་། ཕག་པ་དང་ཕག་པའི་ཐོན་རྫས། བཤས་གཏོང་ཡོ་བྱད་དང་སྒྲིག་ཆས་བཅས་དང་དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་། དངོས་ཟོག་གི་རིན་ཐང་གི་ལྡབ་3ཡན་ནས་ལྡབ་5མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། དངོས་ཟོག་གི་རིན་ཐང་དངུལ་གྲངས་གཏན་ཁེལ་མི་ཐུབ་ཚེ། ཚན་པར་སྒོར་ཁྲི་10ཡན་ནས་ཁྲི་20མན་གྱི་དངུལ་ཆད་འགེལ་རྒྱུ་དང་མི་སྒེར་ལ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། 

གསོན་ཕག་དམིགས་འཛུགས་བཤས་གཏོང་ལག་ཁྱེར་རམ་ཡང་ན་གསོན་ཕག་དམིགས་འཛུགས་བཤས་གཏོང་མཚོན་རྟགས་བྱང་བུ་རྫུན་སྤྱོད་དམ་ཡང་ན་བེད་སྤྱོད་བྱས་རིགས། གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ། 

དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ནས་གསོན་ཕག་གི་གནས་གཏན་འཁེལ་གྱི་བཤས་གཏོང་ལག་ཁྱེར་རམ་ཡང་ན་གསོན་ཕག་གི་གནས་གཏན་འཁེལ་གྱི་བཤས་གཏོང་མཚོན་རྟགས་བྱང་བུ་གཡར་བ་དང་ནང་བཤུག་གཏོང་ཚེ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དེའི་ཕག་པ་བཤའ་སའི་བཟོ་གྲྭ་(ར་བ་)ཡི་ཐོབ་ཐང་མེད་པར་བཟོ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་ཚོང་དོན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། 


དོན་ཚན་ཉེར་ལྔ་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྒོར་ཁྲི་2ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་རྒྱུ། དུས་འགྱངས་བས་ཡོ་བསྲང་མ་བྱས་ན། དེར་གཉེར་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུ་དང་། 

(གཅིག)ཕག་བཤའ་བ་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བཀོལ་སྤྱོད་སྒྲིག་སྲོལ་དང་ལག་རྩལ་གྱི་བླང་བྱ་དང་མི་མཐུན་པའི་རིགས་དང་། 

(གཉིས།)དེས་བཤས་པའི་གསོན་ཕག་གི་འབྱུང་ཁུངས་དང་གསོན་ཕག་གི་ཐོན་རྫས་རྒྱུག་ཕྱོགས་ཇི་མ་ཇི་བཞིན་ཐོ་རུ་མ་བཀོད་པའི་རིགས། 

(གསུམ།)ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱེད་པའི་ལམ་ལུགས་བཙུགས་མེད་པའམ་ལག་བསྟར་བྱས་མེད་རིགས། 

(བཞི།)ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་མ་ལོན་པའི་གསོན་ཕག་གི་ཐོན་རྫས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་མ་བྱས་པ་མ་ཟད་ཐག་གཅོད་བྱས་ཚུལ་ཇི་མ་ཇི་བཞིན་ཐོ་འགོད་བྱས་རིགས་བཅས་ཡིན།


དོན་ཚན་ཉེར་དྲུག་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་ནས་ཐོན་པའི་བཟོ་གྲྭར་(ར་བ་)ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་མེད་པའམ་ཡང་ན་ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་མ་ལོན་པའི་གསོན་ཕག་གི་ཐོན་རྫས་ཡིན་ཕྱིན། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དེར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག། གསོན་ཕག་གི་ཐོན་རྫས་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། དངོས་ཟོག་གི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། དེའི་འགན་འཁུར་བ་གཙོ་བོར་སྒོར་ཁྲི་1ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་གཅོད་རྒྱུ། དངོས་ཟོག་གི་རིན་ཐང་དངུལ་གྲངས་གཏན་འཁེལ་བྱེད་དཀའ་བའི་རིགས་ལ་སྒོར་ཁྲི་5ཡན་ནས་སྒོར་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དེའི་དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭའི་(ར་བ)་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། 


དོན་ཚན་ཉེར་བདུན་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)་དང་སྡེ་ཚན་གཞན་དག་གམ་སྐྱེ་བོ་གཞན་གྱིས་གསོན་ཕག་དང་གསོན་ཕག་གི་ཐོན་རྫས་ལ་ཆུ་བླུག་པའམ་ཡང་ན་དངོས་རྫས་གཞན་དག་བླུག་རིགས་ལ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆུ་བླུག་པའམ་ཡང་ན་དངོས་པོ་གཞན་དག་བླུག་པའི་ཕག་པ་དང་ཕག་པའི་ཐོན་རྫས། ཆུ་བླུག་ཡོ་བྱད། སྒྲིག་ཆས་བཅས་དང་དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། དངོས་ཟོག་རིན་ཐང་གི་ལྡབ་3ཡན་ནས་ལྡབ་5མན་གྱི་དངུལ་ཆད་འགེལ་རྒྱུ་དང་ དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ(ར་བ)འམ་ཡང་ན་ཚན་པ་གཞན་དག་གི་འགན་འཁུར་བ་གཙོ་བོར་སྒོར་ཁྲི་1ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ། དངོས་ཟོག་གི་རིན་ཐང་དངུལ་གྲངས་གཏན་ཁེལ་མི་ཐུབ་ཚེ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)འམ་ཡང་ན་ཚན་པ་གཞན་དག་ལ་སྒོར་ཁྲི་5ཡན་ནས་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་དང་མི་སྒེར་ལ་སྒོར་ཁྲི་1ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། 

དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)ནས་གསོན་ཕག་དང་གསོན་ཕག་གི་ཐོན་རྫས་ལ་ཆུ་བླུག་པའམ་ཡང་ན་དངོས་རྫས་གཞན་དག་བླུག་རིགས་ལ། ནང་གསེས་དོན་ཚན་གོང་མའི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་ཕུད། ད་དུང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དེར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་དགོས། ངན་འབྲས་ཚབས་ཆེན་བཟོས་པའམ་ཡང་ན་གསོན་ཕག་དང་གསོན་ཕག་གི་ཐོན་རྫས་ལ་ཆུ་བླུགས་པའམ་ཡང་ན་དངོས་རྫས་གཞན་དག་ཁ་སྣོན་ཐེངས་གཉིས་ཡན་བྱེད་མཁན་ལ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དེའི་གསོན་ཕག་གི་དམིགས་འཛུགས་བཤས་གཏོང་བཟོ་གྲྭའི་(ར་བ)ཐོབ་ཐང་མེད་པར་བཟོ་རྒྱུ།


དོན་ཚན་ཉེར་བརྒྱད་པ། དམིགས་འཛུགས་ཕག་པ་བཤས་གཏོང་བའི་བཟོ་གྲྭ་(ར་བ)ཆུ་བླུག་པའམ་ཡང་ན་དངོས་པོ་གཞན་དག་བླུག་སའི་ཕག་པ་བཤས་གཏོང་ལ་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི། ཆུ་བླུག་པའམ་ཡང་ན་དངོས་པོ་གཞན་དག་བླུགས་པའི་ཕག་པ་དང་ཕག་གི་ཐོན་རྫས་དང་དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་དངོས་ཟོག་གི་རིན་ཐང་གི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་འགེལ་རྒྱུ། དེའི་འགན་འཁུར་བ་གཙོ་བོར་སྒོར་ཁྲི་1ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་གཅོད་རྒྱུ། དངོས་ཟོག་གི་རིན་ཐང་དངུལ་གྲངས་གཏན་འཁེལ་བྱེད་དཀའ་བའི་རིགས་ལ་སྒོར་ཁྲི་2ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ། ཡོ་བསྲང་མི་བྱེད་མཁན་ལ་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུ་དང་། ངན་འབྲས་ཚབས་ཆེན་བཟོས་རིགས་ལ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དེའི་ཕག་པ་བཤས་གཏོང་བྱེད་སའི་བཟོ་གྲྭ་(ར་བ)ཡི་ཐོབ་ཐང་མེད་པར་བཟོ་རྒྱུ། 


དོན་ཚན་ཉེར་དགུ་པ། ཕག་པའི་ཐོན་རྫས་ཕྱིར་འཚོང་དང་། ཤ་རིགས་དང་བཟའ་ཆས་ཐོན་སྐྱེད་དང་ལས་སྣོན་བྱེད་མཁན་སྡེ་ཚན་དང་མི་སྒེར། དེ་བཞིན་བཟའ་བཏུང་ཞབས་ཞུ་གཉེར་སྐྱོང་བྱེད་མཁན་དང་ཐུན་མོང་གི་བཟའ་ཆས་སྡེ་ཚན་བཅས་ཀྱིས་ གསོན་ཕག་གི་གནས་གཏན་འཁེལ་མིན་པའི་བཤས་གཏོང་བཟོ་གྲྭ་(ར་)ནས་བཤས་གཏོང་བའི་ཕག་པ་དང་། ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་མེད་པའམ་ཡང་ན་ཤ་རིགས་ཀྱི་སྤུས་ཀར་ཞིབ་བཤེར་བྱས་ནས་ཚད་མ་ལོན་པའི་གསོན་ཕག་གི་ཐོན་རྫས། ཆུ་བླུག་པའམ་ཡང་ན་དངོས་པོ་གཞན་དག་བླུག་པའི་ཕག་པ་བཅས་ཕྱིར་འཚོང་དང་བེད་སྤྱོད་བྱས་རིགས། ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ད་དུང་ཕྱིར་འཚོང་དང་བེད་སྤྱོད་བྱས་མེད་པའི་འབྲེལ་ཡོད་ཕག་གི་ཐོན་རྫས་དང་དེ་བཞིན་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། དངོས་ཟོག་གི་རིན་ཐང་གི་ལྡབ་3ཡན་ནས་ལྡབ་5མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། དངོས་ཟོག་གི་རིན་ཐང་དངུལ་གྲངས་གཏན་ཁེལ་མི་ཐུབ་ཚེ། ཚན་པར་སྒོར་ཁྲི་5ཡན་ནས་ཁྲི་10མན་གྱི་དངུལ་ཆད་འགེལ་རྒྱུ་དང་མི་སྒེར་ལ་སྒོར་ཁྲི་1ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་འབྲེལ་ཡོད་ལག་ཁྱེར་ཕྱིར་བསྡུ་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། 


དོན་ཚན་སུམ་ཅུ་པ། གནས་ཁེལ་ཁྲིམས་འགལ་གྱིས་ཕག་པ་བཤའ་བའི་བྱེད་སྒོ་སྤེལ་ཡུལ་སྡེ་ཚན་ནམ་མི་སྒེར་གྱིས་ཕག་པ་བཤའ་ར་དང་ཡང་ན་གསོན་ཕག་གི་ཐོན་རྫས་གསོག་ཉར་སྒྲིག་བཀོད་འདོན་སྤྲོད་བྱེད་ཆེད། ཡང་ན་ཕག་པ་དང་ཕག་པའི་ཐོན་རྫས་ལ་ཆུ་བླུག་པའམ་ཡང་ན་དངོས་པོ་གཞན་དག་བླུག་སའི་སྡེ་ཚན་ནམ་མི་སྒེར་ལ་གནས་ཡུལ་འདོན་སྤྲོད་བྱེད་རིགས་ལ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་བ། ཚན་པར་སྒོར་ཁྲི་2ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་འགེལ་རྒྱུ་དང་མི་སྒེར་ལ་སྒོར་5000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་འགེལ་རྒྱུ། 


དོན་ཚན་སོ་གཅིག་པ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ལས་བྱེད་མི་སྣས་ཕག་པ་བཤའ་བར་ལྟ་སྐུལ་དང་དོ་དམ་ལས་ཀ་སྒྲུབ་རིང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ། བྱས་ཉེས་སུ་གྲུབ་མེད་ན་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།


ལེའུ་ལྔ་པ། ཞར་བྱུང་དོན་ཚན།


དོན་ཚན་སོ་གཉིས་པ།  ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་བཤའ་བའི་སྲོག་ཆགས་གཞན་དག་བཤའ་བར་དོ་དམ་བྱེད་ཐབས་གཏན་འཁེལ་བྱས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ས་ཁུལ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་སྲོལ་ཡིག་འདི་ཉིད་གཞིར་བཟུང་ནས་གཏན་འབེབས་བྱ་རྒྱུ། 


དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་གསོན་ཕག་གི་ཐོན་རྫས་ཞེས་པ་ནི་ཕག་པ་བཤས་བཏང་རྗེས་ལས་སྣོན་མ་བྱས་པའི་གཟུགས་པོ་དང་། ཤ། ཚིལ། ནང་ཁྲོལ། ཁྲག་རྒྱུན། རུས་པ། མགོ་བོ། རྨིག་པ། ལྤགས་པ་བཅས་ལ་ཟེར། 


དོན་ཚན་སོ་བཞི་པ།  སྲོལ་ཡིག་འདི་ལག་བསྟར་མ་བྱས་གོང་ལ་བཙུགས་པའི་དམིགས་འཛུགས་ཕག་པ་བཤས་གཏོང་བྱེད་བཟོ་གྲྭ(ར་བ་)ཡིས་སྲོལ་ཡིག་འདི་ལག་ལེན་བསྟར་ཉིན་ནས་བཟུང་གི་ཉིན་180ནང་ཚུན། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་ཕག་པ་བཤས་གཏོང་བའི་མཚོན་རྟགས་བྱང་བུ་བརྗེ་སྤྲོད་བྱ་རྒྱུ་དང་འབྲེལ་དམིགས་འཛུགས་ཕག་པ་བཤས་གཏོང་བའི་ལག་ཁྱེར་སྤྲོད་རྒྱུ། 


དོན་ཚན་སོ་ལྔ་པ། གསོན་ཕག་གི་དམིགས་འཛུགས་བཤས་གཏོང་ལག་ཁྱེར་དང་། གསོན་ཕག་གི་དམིགས་འཛུགས་བཤས་གཏོང་མཚོན་རྟགས་བྱང་བུ། དེ་བཞིན་ཤ་རྫས་ཀྱི་སྤུས་ཚད་ཞིབ་བཤེར་ཚད་ལོན་ཐམ་ག ཤ་རིགས་ཀྱི་སྤུས་ཚད་ཞིབ་བཤེར་ཚད་ལོན་མཚོན་རྟགས་བཅས་ཀྱི་བཟོ་དབྱིབས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཅིག་གྱུར་གྱིས་གཏན་འབེབས་བྱ། 


དོན་ཚན་སོ་དྲུག་པ།    སྲོལ་ཡིག་འདི་2008ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号